འབའ་ལུང་རྫོང་གིས་སློབ་མ་སྐྱེལ་འདྲེན་པའི་རླངས་འཁོར་ལ་ཞིབ་བཤེར་ནན་མོ་བྱས་པ།
ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2013-01-23
ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གི་སློབ་གྲྭ་ཆུང་འབྲིང་སོ་སོ་དགུན་གནང་གཏོང་བཞིན་ཡོད་ལ། འབའ་ལུང་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ། སྐྱེལ་འདྲེན་དོ་དམ་ཁང་སོགས་འབྲེལ་ཡོད་སྡེ་ཁག་གིས་རྫོང་མཁར་ནས་ཤང་དང་གྲོང་རྡལ་སོ་སོའི་ལམ་ཁ་རུ་རླངས་འཁོར་ཞིབ་བཤེར་ལྟེ་གནས་བཙུགས་ཏེ་རླངས་འཁོར་ལ་ཞིབ་བཤེར་བྱས་པ་དང་། སློབ་མ་སྐྱེལ་འདྲེན་བྱེད་བཞིན་པའི་རླངས་འཁོར་དག་ལ་ཞིབ་བཤེར་ཐོ་འགོད་བྱས་པ་མ་ཟད། ཤོང་ཚད་ལས་བརྒལ་བ་དང་དཔང་ཡིག་མེད་པར་རླངས་འཁོར་བཀོལ་བ། ཞིང་ལས་རླངས་འཁོར་གྱི་མགྲོན་པོ་སྐྱེལ་འདྲེན་བྱེད་པ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་པས། སློབ་མ་རྣམས་བདེ་འཇགས་ངང་རང་ཡུལ་དུ་ལོག་པར་ཁག་ཐེག་བྱས།