མཚོ་སྔོན་བོད་ཁུལ་གྱི་ཁྲིམས་དཔོན་བརྒྱ་དང་ལྔ་བཅུ་ལྷག་རྒྱ་བོད་སྐད་གཉིས་ཀྱི་གསོ་སྦྱོང་ལ་ཞུགས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-01-04

མཚོ་སྔོན་བོད་ཁུལ་ཁྲིམས་ཁང་གི་སྐད་གཉིས་འདྲི་གཅོད་བྱ་བར་ཤེས་ལྡན་པའི་རྨང་གཞི་བརྟན་པོ་འདིང་ཆེད། ཉེ་བའི་ལོ་འགར། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྐད་གཉིས་སྨྲ་བའི་ཁྲིམས་དཔོན་གྱི་གསོ་སྦྱོང་བྱ་བར་གཙིགས་འཛིན་བྱས། 2012ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དྲུག་དང་གཞི་རིམ་ཁྲིམས་ཁང་སོ་གསུམ་གྱི་འདྲི་གཅོད་བྱ་བ་སྒྲུབ་བཞིན་པའི་ཁྲིམས་དཔོན་བརྒྱ་དང་ལྔ་བཅུ་གསོ་སྦྱོང་ལ་ཞུགས།

    དུས་ཡུན་རིང་བོ་ཞིག་ལ། མཚོ་སྔོན་བོད་ཁུལ་གྱི་ཁྲིམས་ཁང་དུ་རྒྱ་བོད་སྐད་གཉིས་ལ་བྱང་ཆ་ལྡན་པའི་ཁྲིམས་དཔོན་ཧ་ཅང་དཀོན་པ་དེས་མི་དམངས་ཁྲིམས་ཁང་གི་རྒྱུན་ལྡན་གྱི་འདྲི་གཅོད་ནུས་པ་འདོན་པར་ཚོད་འཛིན་ཐེབས་ཀྱིན་ཡོད། 2009ལོ་ནས་ད་ལྟའི་བར། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བསྟུད་མར་ལོ་བཞི་ལ་རྒྱ་བོད་སྐད་གཉིས་སྨྲ་བའི་ཁྲིམས་དཔོན་གྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས། གསོ་སྦྱོང་གི་སྐབས་སུ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་སློབ་ཁྲིད་དང་ཚན་ཞིབ་ཐོན་ཁུངས་ལ་བརྟེན་པ་དང་། བྱེ་བྲག་གི་སློབ་ཁྲིད་ལས་འགན་ཁུར་བའི་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གིས་རྟོག་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། མཚོ་སྔོན་གྱི་དོན་དངོས་ལ་གཞིགས་པ་དང་། སྤོབས་པ་ཆེན་པོས་འཚོལ་ཞིབ་དང་ལག་ལེན་བྱེད་པ། གཙོ་བོར་རྒྱ་བོད་སྐད་ཡིག་ལོ་ཙཱའི་རྨང་གཞིའི་གཞུང་ལུགས་དང་། ཉེས་དོན་དང་དམངས་དོན། སྲིད་འཛིན་གཏུག་བཤེར་འདྲི་གཅོད་བརྒྱུད་རིམ་ཁྲོད་ཀྱི་ཁྲིམས་ལུགས་མིང་བརྡ་དང་། གཏུག་བཤེར་མིང་བརྡའི་ཚད་ལྡན་ཡིག་སྒྱུར་དང་སྐད་གཉིས་ཁྲིམས་གཅོད་དང་གཏུག་ཡིག་འབྲི་བ་སོགས་ཀྱི་ནང་དོན་ལ་གཞིགས་ཏེ་གསོ་སྦྱོང་བྱས་བར་མ་ཟད། སྐད་གཉིས་སྨྲ་བའི་ཁྲིམས་དཔོན་ཁ་ཤས་ཆེད་དུ་བོད་རང་སྐྱོང་ལྗོངས་ཁྲིམས་ཁང་དུ་མངགས་ཏེ་སྐད་གཉིས་འདྲི་གཅོད་སོགས་ཀྱི་ཉམས་མྱོང་བརྗེ་རེས་བྱས་པས། གསོ་སྦྱོང་གི་ཕན་འབྲས་ལེགས་པོ་ཐོན།  

  • ལེ་ཚན་སྔོན་མ།:གླུ་བ་ཡར་དུང་གིས་ཕ་སྐད་ཆེད་བསྒྲིགས་གསར་བ་སྤེལ་འཆར་ཡོད་པ།
  • ལེ་ཚན་རྗེས་མ།:བོད་བརྒྱུད་ནང་བསྟན་གྱི་ཚད་མ་རྩོད་གླེང་།
  • དོ་སྣང་ཆེ་བའི་རྩོམ།