མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས།

    མཚོ་སྔོན་པོ་དྲ་བ།    2013-04-24

མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུ

མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས་པ། 

    ཟླ4བའི་ཚེས16ནས་ཚེས19ཉིན་བར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས་ཤིང་། དེར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའི་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་པདྨ་ལྷུན་གྲུབ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གྲྭའི་དགེ་རྒན་ནམ་འབུམ་རམས་པ་བསོད་ནམས་དབང་རྒྱལ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་འགོ་གཙོ་མཱ་ཅི་ཇུན། དེ་མིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཡིག་སྒྱུར་ཁང་གི་འགོ་གཙོ་ཀོང་ཆི་ཏིག་སོགས་ལོ་ཙཱའི་ཟབ་མོའི་ལུགས་ལ་བྱང་དུ་ཆུབ་པའི་དགེ་རྒན་རྣམས་གདན་འདྲེན་ཞུས་ཡོད་ལ། ཐེངས་འདིའི་གསོ་སྦྱོང་ལ་མཚོ་ནུབ་ཁུལ་དང་། མཚོ་བྱང་ཁུལ། རྨ་ལྷོ་ཁུལ། ཡུལ་ཤུལ་ཁུལ། མགོ་ལོག་ཁུལ། མཚོ་ལྷོ་ཁུལ། མཚོ་ཤར་ས་ཁུལ་བཅས་ཀྱི་མི་རིགས་སྐད་ཡིག་བྱ་བའི་ལས་ཁུངས་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། མཚོ་སྔོན་བོད་ཡིག་ཚགས་པར། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་བསླབ་གཞི་སྒྲིག་སྒྱུར་ལྟེ་གནས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཡིག་སྒྱུར་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གནའ་དཔེ་གཞུང་སྒྲུབ་ཁང་སོགས་ལས་ཁུངས་ཀྱི་བསྡོམས་པས་མི་50ཞུགས་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུ

འབྲེལ་ཡོད་ལོ་ཙཱའི་ཆེད་མཁས་པ་རྣམས་ཀྱིས་འཆད་ཁྲིད་བྱེད་པ།

    དེ་ཡང་ཐོག་མའི་ཉིན་གྱི་མགོ་རྩོམ་མཛད་སྒོ་དང་ལྷན་དུ། དཔའ་རིས་སངས་རྒྱས་ལགས་ཀྱིས«བརྡ་སྤྲོད་གསལ་བཤད་ངག་སྒྲོན»ལས་ལོ་ཙཱའི་གནས་ལུགས་དང་། མིང་གི་བསྒྱུར་ཚུལ། ཚིག་གི་བསྒྱུར་ཚུལ་བཅས་ཀྱི་ཐད་ནས་འཆད་ཁྲིད་དང་། པདྨ་ལྷན་གྲུབ་ལགས་ཀྱིས་སྐད་དང་ཡི་གེའི་ཐབས་ཇུས་དང་ལོ་ཙཱ་བྱ་ཐབས་ཀྱི་འདམ་གའི་ཐད་ནས་འཆད་ཁྲིད་གནང་། དགེ་རྒན་ཆེན་མོ་སངས་རྒྱས་ལགས་ཀྱིས་ལོ་ཙཱ་བའི་ཕྱོགས་ཀྱི་གོ་བ་དང་བསྒྱུར་སྟངས་ཐད་ནས་འཆད་ཁྲིད་གནང་བ་ལས། ལོ་ཙཱ་བ་རྣམས་ཀྱི་སེམས་སུ་འཛིན་དགོས་པའི་དགོས་པ་གསུམ་དང་མི་དགོས་པ་གསུམ་སྟེ། དགོས་པ་གསུམ་ལས། དང་པོ། མ་ཡིག་གི་ཐ་སྙད་ལ་གོ་བ་ཟབ་མོ་ལོན་པ་དང་། གཉིས་པ། མ་ཡིག་གི་ཚིག་གི་སྒྲིག་གཞི་དང་། ཚིག་དང་ཚིག་བར་གྱི་འབྲེལ་བར་གོ་བ་ཟབ་མོ་ལོན་རྒྱུ། གསུམ་པ། སྐད་རིགས་གཉིས་ཀྱི་རིག་གནས་རྒྱབ་ལྗོངས་ལ་རྒྱུས་ལོན་ཟབ་མོ་ཡོད་དགོས་པ། མི་དགོས་པ་གསུམ་ནི། དང་པོ། ལོ་ཙཱ་བྱེད་དུས་ཡི་གེ་རེ་རེ་བཞིན་ཐོ་གཏུག་ནས་སྒྱུར་མི་ནུས་པར་གང་ལ་གང་འཚམ་དུ་སྒྱུར་དགོས་པ། གཉིས་པ། ཚིག་དང་ཚིག་དབར་གྱི་འབྲེལ་བ་བཤིག་མི་ནུས་པ། གསུམ་པ། འབྲི་རྩལ་དང་སྒྱུར་རྩལ་སྤྱད་དེ་གང་འདོད་དུ་སྒྱུར་མི་རིགས་པ་བཅས་ཡིན། འབུམ་རམས་པ་བསོད་ནམས་དབང་རྒྱལ་གྱིས་མི་རིགས་སྐད་ཡིག་དོ་དམ་བྱ་བའི་ཐད་ནས་འཆད་ཁྲིད་དཔྱིས་ཕྱིན་པ་གནང་ལ། དགེ་རྒན་མཱ་ཅི་ཇུན་དང་ལུང་ཆི་ཏིག་གཉིས་ཀྱིས་ཀྱང་མི་རིགས་སྐད་ཡིག་སྲིད་ཇུས་དང་མི་རིགས་སྐད་ཡིག་དོ་དམ་གྱི་ཕྱོགས་ནས་འཆད་ཁྲིད་ཟབ་མོ་མཛད།

མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུ

བགྲོ་གླེང་བྱེད་བཞིན་པ།

    གསོ་སྦྱོང་གི་སྐབས་སུ་ད་དུང་བགྲོ་གླེང་གི་བྱེད་སྒོ་སྤེལ་ཞིང་། ཚང་མས་རང་སོ་སོའི་དངོས་ཡོད་ལས་དོན་དང་སྦྱར་ནས་མི་རིགས་སྐད་ཡིག་དང་འབྲེལ་བའི་བསམ་འཆར་དང་འདོད་མོས་ལྷུག་པོར་བརྗོད་པ་དང་། ཕན་ཚུན་ལ་སློབ་སྦྱོང་བཟང་བོ་བྱེད་དགོས་པའི་རེ་བ་བཏོན། །

  • ལེ་ཚན་སྔོན་མ།:སི་ཁྲོན་གཡག་རྔ་ས་ཁུལ་གྱི་ས་འགུལ་ལས་མི192རྐྱེན་ལམ་དུ་ཤོར་བ་དང་མི11470ལ་རྨས་ཕོག
  • ལེ་ཚན་རྗེས་མ།:ལྷ་ས་གྲོང་ཁྱེར་གྱིས“གྲོང་ཁྱེར་གྱི་འཕྲོད་བསྟེན་གཙང་སེལ་ཉིན་མོའི”བྱེད་སྒོ་ཧུར་ཐག་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།