བོད་ལྗོངས་འཕྲིན་དྲ། 2012-10-17
གསར་འགོད་པ་ས་གནས་དེ་གར་ཐོན་སྐབས་ཞོགས་པའི་ཆུ་ཚོད10ཡིན་ལ། སྦྱོང་བརྡར་ཁང་དུ་འཛུལ་མ་ཐག་སློབ་མ་རྣམས་ཀྱིས་མཛེས་རྒྱན་སྤྲས་ནས་སྦྱོང་བརྡར་བྱེད་བཞིན་ཡོད་པ།
སློབ་ཁྲིད་གྲོལ་ཡང་ཉི་མ་དགྲ་འདུལ་གྱིས་ད་དུང་པི་ཝང་རྟ་མགོ་མ་རྡུང་ཞིང་སློབ་མ་གཞན་ཚོས་མཐའ་བསྐོར་ནས་ཉན་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་ཀ་རྩེ་ས་ཁུལ་གྱི་ལྷ་རྩེ་རྫོང་ནི་སྟོད་གཞས་ཀྱི་ཕ་ས་ལྟ་བུ་ཡིན་ལ། གནས་འདིའི་མི་རེ་རེས་ཕལ་ཆེར་དགའ་སྤྲོ་དང་རྩེད་མཚར་གང་རུང་སྒོས་སྟོད་གཞས་ཚན་པ་རེ་འཁྲབ་ཤེས་པ་རེད།
ལྷ་རྩེ་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་བརྒྱ་ཆ30ཡིས་རྒྱུད་དྲུག་པི་ཝང་རྡུང་ཤེས་པ་དང་ཞིང་འབྲོག་ཁྱིམ་ཚང་གི་བརྒྱ་ཆ40ཡན་ལ་རྒྱུད་དྲུག་པི་ཝང་ཡོད་ལ། བརྒྱ་ཆ70ཡན་གྱི་ཞིང་འབྲོག་མང་ཚོགས་ཀྱིས་སྟོད་གཞས་འཁྲབ་ཤེས་པ་རེད།
སྟོད་ནི་ས་མཐོའི་སྟོད་དང་གཞས་ནི་གླུ་བྲོའི་རྣམ་པ་ཅན་ཏེ། སྟོད་གཞས་ནི་ས་མཐོའི་གླུ་བྲོ་ལྟ་བུའི་དོན་ཡིན་ཞིང་། འཁྲབ་སྟོན་བྱེད་སྐབས་རྡོག་པའི་འདེགས་འཇོག་གི་དབྱངས་རྟ་དང་བསྡེབས་ནས་བྲོ་གར་འཁྲབ་པ་མ་ཟད། རྡུང་ལེན་དང་གླུ་བྲོ་མཉམ་དུ་སྦྲེལ་ཞིང་རྒྱང་ཐག་རིང་བའི་ཧན་དང་ཐང་གི་གླུ་བྲོའི་གདངས་དབྱངས་གསལ་ལ་ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་རྡོག་བྲོའི་ཆ་ལུགས་འཛོམས་པས། ཀྲུང་ཧྭའི་དམངས་ཁྲོད་ཀྱི་ངོ་མཚར་བའི་སྒྱུ་རྩལ་རིགས་ཤིག་ཡིན་པ་རེད། ལྷ་རྩེ་ནི་སྟོད་གཞས་ཀྱི་ཕ་ས་ལྟ་བུ་ཡིན་ལ། མང་ཚོགས་ཚང་མ་དེ་ལ་དགའ་ཞིང་འཁྲབ་སྟོན་ཡང་བྱེད་ཤེས་པ་དང་། ཞིང་སའི་ནང་གི་ངལ་གསོའི་དུས་སྐབས་ཕྲན་བུ་ལའང་ཁོང་ཚོ་གཅིག་ཏུ་འདུས་ནས་ལག་ཏུ་སྒྲ་སྙན་ཐོགས་ཤིང་། རྒྱུད་དྲུག་གི་དབྱངས་རྟ་དགུང་ལ་སྤུར་ཏེ་བྲོ་གར་གྱི་སྟངས་སྟབས་ལ་རོལ་བ་དང་དེ་ནི་ངོ་མཚར་བའི་ལྟད་མོ་ཞིག་ཡིན་པ་རེད།
ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པ་ཟླ10བའི་ཚེས8ཉིན་སྟོད་གཞས་ཀྱི་ཕ་ས་ལྟ་བུ་སྟེ། གཞིས་ཀ་རྩེ་ས་ཁུལ་གྱི་ལྷ་རྩེ་རྫོང་དུ་སླེབས་ཤིང་ལྷ་རྩེའི་དམངས་ཁྲོད་སྒྱུ་རྩལ་ཆོགས་པའི་སར་བཅར་འདྲིར་ཕྱིན་པ་དང་། གནས་དེའི་དམངས་ཁྲོད་སྒྱུ་རྩལ་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་སྔར་ལས་ཟབ་མོ་བྱུང་པ་རེད།
ལྷ་རྩེ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ2012ལོའི་ཟླ4པར་ཚུགས་ཤིང་། མིག་སྔར་སློབ་མ16ཡོད་ཅིང་བུ8དང་བུ་མོ8ཡོད་པ་རེད། ཚོགས་མི་དེ་དག་གཙོ་བོ་ལྷ་རྩེ་ས་གནས་རང་དང་དེའི་མཐའ་འཁོར་གྱི་གྲོང་གསེབ་ཁག་ནས་ཕེབས་པ་ཡིན་ལ། ལྷ་རྩེ་རྫོང་རིག་རྩལ་དྲིལ་བསྒྲགས་ཅུའུ་ཡིས་བདམས་ཤིང་གཞིས་ཀ་རྩེའི་སྒྱུ་རྩལ་སློབ་གྲྭ་ནས་ཟླ་གཅིག་གི་རིང་ལ་ཆེད་ལས་སྦྱོང་བརྡར་བྱས་རྗེས་ད་གཟོད་ལྷ་རྩེའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་རུ་བཀོད་སྒྲིག་བྱས་པ་རེད།
ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་ལྷ་རྩེ་རྫོང་དུ་ནམ་གསལ་མ་ཐག་ཡིན་ལ། སློབ་མ་ཚོས་ཞོགས་པའི་སྦྱོང་བརྡར་གྱི་མགོ་རྩོམ་པ་དང་། རྐང་ལག་གི་རྩལ་སྦྱོང་དང་ཤ་གནད་འཐེན་པ་སོགས་བྱས་རྗེས་མཉམ་དུ་སྟོད་གཞས་སྦྱོང་བརྡར་བྱེད་པ་རེད།
ད་ལོར་ལོ20ཡིན་པའི་དཀོན་མཆོག་ཆོས་སྒྲོན་ནི་སློབ་མ་འདི་དག་ལས་ལོ་ན་ཆེས་ཆེ་ཤོས་ཡིན་ཞིང་། ལྷ་རྩེ་རྗོང་རིག་གནས་སྒྱུ་རྩལ་ཚོགས་པའི་གདུང་འདེགས་ཀྱི་ཀ་བ་ལྟ་བུའང་ཡིན་པ་རེད། ཆོས་སྒྲོན་གྱིས་ལོ་གསུམ་གྱི་སྟེང་ནས་སྟོད་གཞས་བསླབས་ཤིང་ལྷ་རྩེ་རྫོང་གི་སྟོད་གཞས་འཁྲབ་མཁན་མིང་གྲགས་ཅན་ཞིག་ཡིན་པ་རེད། 2005ལོར་ལྷ་རྩེ་རྫོང་གི་ཞིང་བ་མང་ཚོགས་དཀྱུས་མའི་སྒྱུ་རྩལ་ཚོགས་པ་ཚུགས་ཤིང་། གནས་དེ་ནས་སྐྱེ་འཚར་བྱུང་བའི་ལྷ་རྩེའི་ཞིང་བ་མང་ཚོགས་ཀྱིས་སྟོད་གཞས་འཁྲབ་སྟེ་ལྷ་ས་དང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཕེབས་པ་དང་། ཆོས་སྒྲོན་ནི་སྐབས་དེར་ལོ་ན་ཆེས་ཆུང་བའི་འཁྲབ་སྟོན་པ་ལས་གཅིག་ཡིན་པ་རེད།
ཆོས་སྒྲོན་ནི་རྒྱ་སྐད་ལ་དེ་འདྲའི་བྱང་ཆ་མེད་ཀྱང་། ཆེད་ལས་སྟོད་གཞས་འཁྲབ་སྟོན་པ་འདིས་རང་གི་གཟུགས་གཞིས་སྟོད་གཞས་དང་མི་རིགས་རིག་གནས་ལ་བཅངས་པའི་དགའ་བ་བརྗོད་བཞིན་ཡོད་པ་རྟོགས་ཐུབ་ལ།“སྐབས་ཐོག་དེར་ང་རྒྱལ་དང་ལ་རྒྱ་ལྟ་བུ་ཞིག་ཏུ་འདོད་ཅིང་། ང་ཚོའི་རྫོང་གི་སྲོལ་རྒྱུན་གྱི་ཞབས་བྲོ་རྒྱལ་ཡོངས་མི་དམངས་ལ་སྟོན་ཐུབ་པའི་ཚོར་སྣང་ཧ་ཅང་སྐྱིད་ལ། ངས་ད་དུང་མུ་མཐུད་དུ་འཁྲབ་སྟོན་བྱེད་ངེས་ཡིན་”ཟེར། ཁོང་ཚོས་རང་གི་སྐད་ཆ་དང་སེམས་འདུན་བརྟན་པོ་བརྒྱུད་ནས་སྲོལ་རྒྱུན་སྒྱུ་རྩལ་འདི་ལ་བཅངས་པའི་དགའ་བ་མཚོན་མི་ཤེས་ཀྱང་སྲིད་མོད། འོན་ཀྱང་སྟོད་གཞས་འཁྲབ་མཁན་འདི་དག་གི་སེམས་པ་དགའ་སྤྲོས་ཁེངས་འདུག་ཅིང་། ལོ་ན་ཆུང་ཆུང་ལས་མིན་ཡང་ཁོང་ཚོར་ཕ་ཡུལ་གྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་འགན་འཁྲི་དང་ཡིད་ཆེས་བརྟན་པོ་ཡོད་པ་རེད།
སྟོད་གཞས་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་པར་མི་སྣ་འཇོན་ཐང་ཅན་དགོས་ལ། མི་སྣ་འཇོན་ཐང་ཅན་གསོ་སྐྱོང་བྱེད་ཡུལ་ནི་མི་རབས་རྗེས་མ་ཡིན་ཞིང་། དེང་དུས་སུ་བྱིས་པ་གང་མང་ཞིག་དཔུང་ཁག་འདིར་ཞུགས་ཡོད་པ་དང་། སྟོད་གཞས་སྒྱུ་རྩལ་མི་རབས་ནས་མི་རབས་སུ་རྒྱུན་འཛིན་གནང་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10