མཚོ་སྔོན་པོ་དྲ་བ། 2012-06-11
《རྗེ་ཡེ་ཤེས་རྒྱ་མཚོའི་གསུང་འབུམ》
ཉེ་ཆར། མདོ་སྨད་མཁས་དབང་རྗེ་ཡེ་ཤེས་རྒྱ་མཚོ་མཆོག་གི་གསུང་འབུམ་པོད་ལྔ་ཡི་བདག་ཉིད་ཅན་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་གཙོ་སྒྲིག་བྱས་ཏེ་ལྡོང་ཚ་དཔལ་མགོན་གྱིས་འགན་ཁུར་ནས་དཔར་ཐེངས་གཉིས་པ་ཡོངས་སུ་ལེགས་འགྲུབ་བྱུང་བ་རེད།
གསུང་འབུམ་འདིའི་ཁྲོད་དུ་འབྱམས་ཀླས་པའི་བོད་བརྒྱུད་ནང་བསྟན་གྱི་ཤེས་བྱའི་ཉིང་བཅུད་འདུས་པའི་ཁར། གསོ་རིག་པ་དང་སྒྲ་རིག་པ། བོད་ཀྱི་ལོ་རྒྱུས། དགོན་སྡེ་ཁག་གི་བཅའ་ཡིག དེ་མིན་ལས་འབྲས་ལུགས་ལྟར་བརྩི་དགོས་པའི་བསླབ་བྱ་བདུད་རྩིའི་ཐུགས་པ་སོགས་བརྗོད་བྱ་ཕུན་སུམ་ཚོགས་པོ་འདུས་པས། གཙུག་ལག་རྒྱ་མཚོའི་འཇིངས་སུ་དམ་ལྷོད་ཡོང་ཡེ་མེད་པར་རྩེ་གཅིག་ཏུ་འཇུག་བཞིན་པའི་རྗེས་རབས་པ་རྣམས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཏུ་ལགས།
རྗེ་བཙུན་ཡེ་ཤེས་རྒྱ་མཚོ་མཆོག་ནི་བོད་རབ་བྱུང་བཅོ་ལྔ་བའི་མེ་སྦྲུལ་ཏེ་སྤྱི་ལོ1917ལོར་མདོ་སྨད་གཅན་ཚའི་རི་རྒན་ནང་དུ་འཁྲུངས། དགུང་ལོ་བཅུ་བདུན་སྟེང་མདོ་སྨ་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་རྗེ་གསེར་ལག་པ་འཇམ་དབྱངས་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་སྟེ། བྱ་མདོ་འབྲོག་རུ་བ་རྗེ་ཚུལ་ཁྲིམས་རྒྱ་མཚོ་དང་ཨ་རིག་སྨྲ་སེང་ཆེན་པོའི་རྣམ་སྤྲུལ་ལུང་རིགས་སྨྲ་བའི་དབང་བོ་ལྷ་སྡེ་རྗེ་ཡེ་ཤེས་རྒྱ་མཚོ་རྣམ་གཉིས་སློབ་དཔོན་དུ་བསྟེན་ནས་ནང་དོན་རིག་པ་དང་སྒྲ་སྙན་ངག་སོགས་ཐ་སྙད་རིག་གནས་ལ་སྦྱངས་པ་དཔྱིས་ཕྱིན་མཛད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ། རྗེ་གུང་ཐང་རིན་པོ་ཆེ་འཇིགས་མེད་བསྟན་པའི་དབང་ཕྱུག་དང་མཉམ་དུ་བསྡུས་གྲྭའི་དམ་བཅའ་བཞག དགུང་ལོ་ཉེར་དགུའི་སྟེང་བཀྲ་ཤིས་འཁྱིལ་དུ་གུང་ཐང་རིན་པོ་ཆེས་ཁོང་ཉིད་ཟླ་བོར་འདེམས་ནས་བཀའ་རམས་དམ་བཅའ་བཞག་སྟེ་སློབ་གཉེར་གྱི་མཐར་ཕྱིན། 1951ལོར་རྡོ་རྦིས་དགེ་བཤེས་ཆེན་མོས་ཁོང་ལ་མཛོད་པ་ཡེ་ཤེས་རྒྱ་མཚོ་ཞེས་པའི་མཚན་སྙན་གནང་བས་སྐུ་ཉིད་མཛོད་ལ་མཁས་པའི་སྙན་གྲགས་རྒྱས། རྗེ་གུང་ཐང་བས་ཁོང་ལ། འདུལ་བ་འབུམ་སྡེར་ཡོན་ཤཱཀྱ་རྣམ་གཉིས་དང་། །ཚད་མའི་གཞུང་ལ་ཕྱོགས་གླང་ཆོས་གྲགས་བཞིན། །མངོན་པའི་སྡེ་ལ་ཐོགས་མེད་སྐུ་མཆེད་དང་། །དབུ་མའི་གཞུང་ལ་ཀླུ་སྒྲུབ་ཡབ་སྲས་ལྟར། །མིང་ཙམ་མིན་པའི་དོན་གྱི་དགེ་བའི་བཤེས། །ཞེས་གདེང་འཇོག་ཆེན་པོ་མཛད་ཡོད།
དམ་པ་འདི་པས་སྐུ་ཚེ་གང་བོར་གངས་ཅན་གསོ་རིག་གི་རྒྱུན་སྤེལ་ནས་མདོ་སྨད་ཀྱི་ལྷ་རྗེ་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་ཏེ་རྒྱལ་ཁབ་ཀྱི་རབ་འབྱམས་སྨན་པའི་གོ་གནས་ཀྱང་ཐོབ་ལ། སྡེ་སེར་སྐྱ་མང་པོར་བརྩེ་གཟིགས་ཀྱིས་མདོ་སྨད་སྐྱེ་འགྲོ་ཀུན་ལ་ཕན་བདེ་བླ་ལྷག་ཏུ་བསྩལ། ཁོང་ནི་དྷཱིཿཚ་གཙོས་བཤད་སྒྲུབ་བསྟན་པའི་འདུས་སྡེར་འཆད་རྩོད་རྩོམ་པའི་ལས་དོན་རླབས་ཆེ་བས། འདིས་བསྡུས་པའི་པོ་ཏི་ལྔ་ལས་བརྩམས་ཆོས53ཡོད་ཅིང་། མདོ་སྨད་ཁ་སྒང་ཨོ་བསོའི་ཤིང་པར་ལ་ཡང་པོད་ལྔ་བཞུགས། དགུང་ལོ་དོན་དགུ་བ་ཤིང་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ1995ལོར་སྐུ་མྱ་ངན་ལས་འདས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10