མཚོ་སྔོན་པོ་དྲ་བ། 2012-05-16
བོད་ཀྱི་ཟློས་གར་གྱི་ཚབ་མཚོན་རྒྱུན་འཛིན་པ་ཚེ་བརྟན་རྡོ་རྗེས་ལྷོ་ནུབ་མི་རིགས་སློབ་གྲྭར་འཆད་ཁྲིད་བྱེད་པ།
ཟླ5བའི་ཚེས7ཉིན་གྱི་དགོང་མོ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གསོ་ལས་དོན་ཁང་དང་བོད་རིག་པའི་གླིང་གིས་གདན་འདྲེན་ཞུས་པ་ལྟར། འཛམ་གླིང་སྟེང་སྲོལ་རྒྱུན་འཁྲབ་སྟོན་གྱི་རྣམ་པ་སྤྱད་དེ་བོད་ཀྱི་ཟློས་གར་བརྒྱད་པོ་ཡོངས་སུ་མངོན་པར་བྱེད་ཐུབ་མཁན་ཉག་ཅིག་གམ། མིའི་རིགས་གཟུགས་འདས་རིག་གནས་ཤུལ་བཞག“སྐྱོར་མོ་ལུང”གྲུབ་མཐའི་ཚབ་མཚོན་རྒྱུན་འཛིན་པ་ཚེ་བརྟན་རྡོ་རྗེས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རྒྱ་ཆེ་བའི་དགེ་སློབ་ཡོངས་ལ་བོད་ཀྱི་ཟློས་གར་རིག་གནས་སྐོར་གྱི་འཆད་ཁྲིད་ཅིག་གནང་།
ཐེངས་འདིའི་འཆད་ཁྲིད་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས“མཐུན་སྒྲིལ་མཉམ་སྐྱོད”ཅེས་པའི་བོད་ཀྱི་ཟློས་གར་རིག་གནས་དུས་ཆེན་གྱི་ཟློར་གར་རིག་གནས་འཆད་ཁྲིད་རབ་དང་རིམ་པ་བྱས་ཤིང་། དེ་ཡང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གསོ་ལས་དོན་ཁང་དང་བོད་རིག་པའི་གླིང་གིས་གཙོ་སྒྲུབ་དང་། ཇོ་མོ་གླིང་མའི་རྩོམ་རིག་མཐུན་ཚོགས་ཀྱིས་འགན་སྒྲུབ་གནང་བ་ཡིན་ལ། སློབ་གྲྭའི་བོད་རིག་པའི་གླིང་གི་གླིང་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་ཀུན་དབང་ལགས་ཀྱིས་འཆད་ཁྲིད་ལ་མདོ་འཛིན་མཛད།
དགེ་སློབ་རྣམས་མཉམ་དུ་པར་བླངས་པ།
དགེ་རྒན་ཚེ་བརྟན་རྡོ་རྗེས་ལོ་བརྒྱད་ཀྱི་སྟེང་ནས་ཟློས་གར་སྦྱངས་ཤིང་། ད་ལྟའི་བར་དུས་ཡུན་ལོ70རིང་བོད་ཀྱི་ཟློས་གར་སློབ་སྦྱོང་དང་ལག་ལེན། ཞིབ་འཇུག་བཅས་བྱས། ཁོང་གིས་རང་ཉིད་ཀྱིས་ཟློས་གར་སྦྱངས་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧྲིལ་བོ་འདིར་བཞུགས་དགེ་སློབ་ཡོངས་དང་མཉམ་སྤྱོད་བྱས་པ་མ་ཟད། བོད་ཀྱི་ཟློས་གར་སྒྱུ་རྩལ་དང་དེའི་འཕེལ་རྒྱས། གདོང་འབག་དང་འཁྲབ་སྟོན་རྣམ་པ། བོད་ཀྱི་ཟློས་གར་དང་ཟློས་གར་གཞན་དག་བར་གྱི་ཁྱད་པར། བོད་ཀྱི་ཟློས་གར་གྱི་རྒྱུན་འཛིན་དང་གསར་སྐྲུན་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་ལྟ་ཚུལ་བརྗོད།
འཆད་ཁྲིད་འདི་ཕན་ཚུན་དྲིས་ལན་གྱི་རྣམ་པའི་འོག སློབ་མ་རྣམས་ཀྱི་སྤྲོ་བ་རབ་ཏུ་རྒྱས་ཏེ་དྲི་བ་གང་མང་བཏོན་ཞིང་རྒན་ལགས་ཀྱིས་ཞིབ་ཅིང་ཕྲ་བའི་དྲིས་ལན་སློག་པའི་ཁར། ཡུལ་དངོས་ལ་སྔར་དང་མི་མཚུངས་བའི་སློབ་སྦྱོང་གི་ཁ་དབུགས་གསར་བ་ཞིག་ཤུགས་ཀྱིས་སྐྱེལ་བྱུང་ལ། འདི་ལྟ་བུའི་འཆད་ཁྲིད་ཀྱིས་སློབ་མ་རྣམས་ལ་ཐོབ་བྱ་མི་དམན་པ་ཞིག་ངང་གིས་བསྩལ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10