སྐབས་ཉེར་དྲུག་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཟི་ལིང་དུ་སྤེལ་རྒྱུ་ཡིན།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-05-15
ཟི་ལིང་ས་ཁུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཏེ་སྔར་བོད་ཀྱི་ཟླ་དྲུག་པའི་གར་ཚོགས་སུ་གྲགས་པ་དེ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ནས་སྤེལ་འགོ་བརྩམས་ཤིང་།ད་ལྟའི་བར་ཐེངས་ཉེར་ལྔ་ལ་སྤེལ་ཟིན་པ་དང་། ཟི་ལིང་ས་ཁུལ་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད།
བྱ་འགུལ་འདི་ནི་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་གཉིས་ཀྱི་མངགས་བཅོལ་ལྟར་གཙོ་སྒྲུབ་གནང་བ་ཡིན་ཞིང་། ཟི་ལིང་ས་ཁུལ་དུ་བོད་རིགས་འདུས་སྡོད་མང་བའི་ཐིན་དང་ཅུའུ། སློབ་གྲྭ་ཁག དེ་མིན་ཁེ་ལས་དང་ལས་དོན་ལས་ཁུངས་སོགས་ཀྱིས་ལོ་རེར་རེས་མོས་ཀྱིས་འགན་སྒྲུབ་གནང་བ་ཡིན་ལ། ད་ལོར་མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས་དང་མཚོ་སྔོན་མི་རིགས་གློག་བརྙན་བསྒྱུར་སྒྲིག་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་བཅས་མཉམ་འབྲེལ་སྒོས་འགན་སྒྲུབ་གནང་འཆར་ཡོད་ཅིང་།དུས་ཡུན་ཉིན་གཅིག་སྟེ2012ལོའི་ཟླ6པའི་ཚེས2(གཟའ་སྤེན་པ)ཉིན་གྱི་སྔ་དྲོའི་ཆུ་ཚོད10སྟེང་དང་ས་གནས་ནི་ཟི་ལིང་ལྷོ་རིའི་གླིང་གའི་མཐོ་སྒང་དམངས་སྲོལ་བཤམས་སྟོན་ཁང་ཡིན།དེར་མ་ཟད་ཟླ6པའི་ཚེས3ཉིན།བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཨ་མདོ་བྱམས་པ་སྐུ་གཤེགས་ནས་ལོ་འཁོར་བཅུ་འདས་པའི་རྗེས་དྲན་བྱ་འགུལ་སྤེལ་རྒྱུ་ཡིན་ཞིང་། བྱ་འགུལ་འདིར་རྗེས་དྲན་ཚོགས་འདུ་དང་། འཆད་ཁྲིད་རིམ་པ།བོད་ཀྱི་ལྷ་རིས་སྒྱུ་རྩལ་འགྲེམ་སྟོན། ལྡེབས་རིས་གཟིགས་ཞིབ་སོགས་ཀྱི་རྣམ་པ་མང་པོ་ལྡན།