རྩོམ་པ་པོ། ཀུན་གྱིས་མཁྱེན་གསལ་ལྟར༼ས་སྐྱ་ལེགས་བཤད༽ནི་འཇིག་རྟེན་མི་ཆོས་བརྗོད་བྱར་བྱས་པའི་བོད་ཀྱི་ལེགས་བཤད་ཐོག་མ་ཡིན་ཞིང་། དུས་རབས་༡༣པའི་ནང་དུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས་མཛད་པ་ཡིན། དེའི་ཁྲོད་དུ་བྱམས་སྙིང་རྗེ་དང་། འབངས་ཚུལ་བཞིན་སྐྱོང་བ། གཞན་དོན་ལྷུར་ལེན་པ། གཞུང་དྲང་། སྦྱིན་པ། བཟོད་པ། བརྩོན་པ་སོགས་དམ་པའི་ལྷ་ཆོས་ཀྱི་བསྟན་བྱ་གཞིར་བཟུང་ནས་མཁས་པ་བརྟག་པ་དང་། ཡ་རབས་བརྟག་པ། བླུན་པོ་བརྟག་པ། ངན་སྤྱོད་བརྟག་པ། བྱ་བ་བརྟག་པ། ཆོས་བརྟག་པ་སོགས་རབ་ཏུ་བྱེད་པ་དགུ་རུ་ཕྱེས་ཡོད།
བོད་ཁུལ་གྱི་དཔར་ཁང་སོ་སོར༼ས་སྐྱ་ལེགས་བཤད༽ཀྱི་དཔར་ཤིང་ཡོད་ལ། བོད་ཡིག་པར་གཞི་པར་བསྐྲུན་བྱས་ནས་མི་རིང་བར་འཕགས་པའི་ཡིག་དང་། སོག་ཡིག རྒྱ་ཡིག དབྱིན་ཡིག ཉི་ཧོང་ཡིག ཧྥ་རན་སིའི་ཡིག ཧང་ག་རིའི་ཡིག ཅེ་ཁུའི་ཡིག་སོགས་སུ་བསྒྱུར་ནས་རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་རྒྱས་ཤིང་། འདི་ནི་བོད་རིགས་ཤེས་ཡོན་པ་རྣམས་ཀྱིས་ངེས་པར་དུ་ལྟ་ཀློག་བྱེད་དགོས་པའི་བསྟན་བཅོས་ཤིག་ཡིན་པར་མ་ཟད། དམངས་ཁྲོད་དུ་ས་ཁྱབ་རྡོ་བརྡལ་དུ་སོང་ཡོད་པ་རེད།
ང་ཚོས༼ས་སྐྱ་ལེགས་བཤད༽ལས་སྐབས་དེའི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་། བསམ་བློ་ཀུན་སྤྱོད། ཆོས་ལུགས་འདུ་ཤེས། ཡུལ་སྲོལ་གོམས་གཤིས་སོགས་རྒྱུས་ལོན་བྱེད་ཐུབ་པར་མ་ཟད། དེའི་ཁྲོད་ཀྱི་སྡིག་སྦྱོང་དགེ་སྐྱེད་དང་། ལེགས་ཉེས་ཤན་འབྱེད། སྤང་བླང་ཚུལ་གནས། གཞན་དོན་ལྷུར་ལེན། ལས་ལ་བརྩོན་པ་སོགས་ཀྱི་བསླབ་བྱ་མང་པོས་ང་ཚོ་ཡང་དག་པའི་ལམ་དུ་འགོད་པར་གཞེན་སྐུལ་གྱི་ནུས་པ་ལྡན་ཞིང་། སྒོས་སུ་དེང་གི་སྣ་མང་རིག་གནས་ཀྱི་ཤུགས་རྐྱེན་དང་སྤྱི་ཚོགས་བསྒྱུར་བཅོས་ཀྱི་རྒྱབ་ལྗོངས་འོག་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་ཡང་དག་པ་ཞིག་ཆགས་པར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ངེས།
ཐེངས་འདིར་ལེགས་བསྒྲིགས་པར་བསྐྲུན་བྱེད་པའི༼ས་སྐྱ་ལེགས་བཤད༽ནི་དུས་རབས་སྔོན་མའི་ལོ་རབས་༥༠བར་བོད་རིག་པའི་ཆེད་མཁས་པ་ཝང་ཡོ་ལགས་ཀྱིས་ལྷ་སར་དགེ་བའི་བཤེས་གཉེན་ཀུན་དགའ་ལགས་ཀྱི་དྲུང་དུ་སློབ་སྦྱོང་བྱེད་པའི་དུས་སུ་བསྒྱུར་བའི་བརྩམས་ཆོས་ཡིན་པ་རེད། ལྗིད་ཏིག་ཏིག་གི་རྩོམ་རིག་བརྩམས་ཆོས་འདི་ཀློག་མ་ཐག་བསྒྱུར་པ་པོས་བཤད་པ་ལྟར་བོད་ཀྱི་གནའ་བོའི་བསྟན་བཅོས་ཀྱི་སྒོ་མོ་དལ་གྱིས་འབྱེད་དུས་དད་མོས་ཀྱི་ཚོར་སྐྱེན་ཐུན་མོང་མ་ཡིན་པ་ཞིག་ངང་ངམ་ཤུགས་ཀྱིས་བསྐྱེད་འོང་བ་རེད།