སྟག་འབུམ་རྒྱལ་གྱི་རྒྱ་འགྱུར་མའི་སྒྲུང་གཏམ་པར་དུ་བསྐྲུན་པ།

ལྷ་ཆེན་རྒྱལ།    མཚོ་སྔོན་པོ་དྲ་བ།    2012-04-23

སྟག་འབུམ་རྒྱལ་གྱི་རྒྱ་འགྱུར་མའི་སྒྲུང་གཏམ་པར་དུ་བསྐྲུན་པ།
སྟག་འབུམ་རྒྱལ་གྱི《མི་ཚེའི་གླུ་དབྱངས》(རྒྱ་འགྱུར་མ)པར་དུ་བསྐྲུན་པ
 

དེ་ཡང་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བསྡུས་དེབ་ཚོགས་ལས།  མཚོ་སྔོན་ཞིང་ཆེན་གྱི་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱིས་བརྩམས་ཤིང༌།  དེང་རབས་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་རྩོམ་པ་པོ་པདྨ་ཚེ་བརྟན་གྱིས་བསྒྱུར་བའི་སྒྲུང་གཏམ་ཕྱོགས་བསྒྲིགས《མི་ཚེའི་གླུ་དབྱངས》(རྒྱ་འགྱུར་མ)དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་པར་དུ་སྐྲུན་པ་རེད།
         དེབ་འདིའི་ནང་རྩོམ་པ་པོ་ཁོང་གིས་སློབ་གསོའི་སློབ་ཁྲིད་ཀྱི་ཞོར་དུ་བྲིས་པའི་སྒྲུང་གཏམ་བཅོ་བརྒྱད་ལྷག་བསྡུས་ཡོད་ལ།   བརྩམས་ཆོས་དེ་དག་ལས《དགེ་རྒན་བཱང་ལགས》དང་། 《ཉི་མ་ནུབ་རིར་ཡལ་དུས》།  《ཉིན་གཅིག་གི་ཆོ་འཕྲུལ》།  《ནག་མཚོ་སྐྱིད》།  《ཁྱི་རྒན》། 《སྒོ་ཁྱི》།  《ཧཱ་པ་གསོས་པའི་ཟིན་བྲིས》ལ་སོགས་པ་མང་པོ་ཞིག་སྔ་རྗེས་སུ《བོད་ཀྱི་རྩོམ་རིག》དང《སྐལ་བཟང་མེ་ཏོག》  《མི་རིགས་རྩོམ་རིག》  《མཚོ་སྔོན་པོ》སོགས་སུ་བཀོད་པར་མ་ཟད།  མི་རིགས་རྩོམ་རིག་བྱ་དགའ་ལ་སོགས་པའི་རྒྱལ་ནང་གི་རྩོམ་རིག་བྱ་དགའ་གང་མང་ཐོབ་མྱོང་བ་རེད།
         དེབ་འདིའི་ལག་བསྟར་རྩོམ་སྒྲིག་པ་བཀྲ་བྷས་བཤད་པ་ནང་བཞིན།  སྟག་འབུམ་རྒྱལ་གྱི་ང་ཚོར་བཞག་པའི་སྣང་བརྙན་ནི་རྣམ་པ་སྣ་ཚོགས་ཤིག་སྟེ།  བྱིས་བློའི་དྭངས་གཙང་མ་ཡལ་བའི་སློབ་ཕྲུག་ཚོའི་མིག་ལམ་དུ།  སྟག་འབུམ་རྒྱལ་ནི་གཟབ་ནན་གྱི་བོད་ཡིག་དགེ་རྒན་རྣམ་དག་ཅིག་དང༌།  སྤྱི་ཚོགས་སྟེང་གི་མི་རྣམས་ཀྱི་མིག་ལམ་དུ།  སྟག་འབུམ་རྒྱལ་ནི་ཆང་རྐྱལ་ཞིག་དང་དུད་འཐེན་ཞིག་སྟེ།  ཆང་ཁ་རེ་རེ་ནས་མི་ཀུན་གྱི་སྔུན་ལ་བཟི་འགྲོ་བ་དང༌།  བཟི་ཡོད་མེད་གང་ཡིན་རུང་གི་དུས་སྐབས་ནམ་ཡིན་རུང་མཛུབ་བར་ན་དུད་སྣེ་ཞིག་ཆད་རྒྱུ་མེད་པ་དེ་རེད་ལ།  བུད་མེད་ཀྱི་འཚོ་བའི་ཁྲོད་ནས།  སྟག་འབུམ་རྒྱལ་གྱིས་བརྩེ་འདང་ཡོད་ཚད་སྒྲུང་གཏམ་ལ་བཅོལ་ཞིང་སྒྲུང་གཏམ་ཆུང་མར་བསུས་པ་དེ་རེད་མོད།  ཡིན་ནའང༌།  ང་ཚོའི་རྩོམ་སྟེགས་ནས།  སྟག་འབུམ་རྒྱལ་ནི་བོད་ཀྱི་ཕ་སྐད་རྩོམ་རིག་སྣེ་ཁྲིད་པ་ཞིག་སྟེ།  དེང་རབས་བོད་ཀྱི་རྩོམ་རིག་གི་དར་ཆ་ཞིག་ཅི་ལ་མིན་ཨང༌།
         དེ་བས།  ང་ཚོས་སྟག་འབུམ་རྒྱལ་དང་སྟག་འབུམ་རྒྱལ་ལྟ་བུའི་རྩོམ་པ་པོའི་བརྩམས་ཆོས་དག་བོད་ཁུལ་ནས་རྒྱལ་ནང་དང༌། རྒྱལ་ནང་ནས་འཛམ་གླིང་ལ་བསྒྲགས་པའི་དུས་སུ་བབ་ཡོད་པས་ན།   ང་ཚོས་ནམ་ཞར་ཡང་སྟག་འབུམ་རྒྱལ་ལ་སེམས་ཁུར་དང་ཡིད་འཇོག  ཡིད་ཆེས་བཅས་ཀྱི་སྒོ་ནས་ཁོའི་བརྩམས་ཆོས་ཀྱི་དར་ཆ་མ་འོངས་གངས་རིའི་མཁའ་དབྱིངས་ནས་མཐོན་པོར་བསྒྲེངས་པའི་སྨོན་འདུན་ཞུ་འོས་པ་མིན་ནམ།
 

སྟག་འབུམ་རྒྱལ་གྱི་རྒྱ་འགྱུར་མའི་སྒྲུང་གཏམ་པར་དུ་བསྐྲུན་པ།
རྩོམ་པ་པོ་སྟག་འབུམ་རྒྱལ།
 

ཁོང་ནི1966ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་རྩྭ་ཐང་དུ་སྐྱེས་ཤིང༌། 1986ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན། 1988ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྐད་ཡིག་ཚན་ཁག་ཏུ་ཟབ་སྦྱོང་བྱས།
         དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་མཇུག་ཏུ་གསར་རྩོམ་གྱི་ལས་ལ་ཞུགས་ཤིང༌། སྔ་གཞུག་ཏུ《མཚོ་སྔོན་བོད་ཡིག་གསར་འགྱུར》དང་།  《སྦྲང་ཆར》། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》། 《གངས་རྒྱན་མེ་ཏོག》སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་དུ་སྒྲུང་གཏམ་བདུན་ཅུ་ལྷག་སྤེལ་ཞིང༌། དེའི་ཁྲོད་ཀྱི《ཧཱ་པ་གསོས་པའི་ཟིན་བྲིས》། 《སྒོ་ཁྱི》། 《ཁྱི་རྒན》། 《མི་ཚེའི་གླུ་དབྱངས》། 《ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》སོགས་སྒྲུང་གཏམ་སྐོར་ཞིག་རྒྱ་ཡིག་ཏུ་བསྒྱུར་ནས《མི་རིགས་རྩོམ་རིག》སོགས་ཀྱི་སྟེང་དུ་བཀོད་ཡོད་ལ། འགའ་རེ་སློབ་གྲྭ་ཆེན་མོ་ཁག་གི་བསླབ་དེབ་ཏུ་བདམས་འདུག
         སྔ་གཞུག་ཏུ་སྐབས་གཉིས་པ་དང་བཞི་བ་དང་ལྔ་བའི“སྦྲང་ཆར་བྱ་དགའ”དང༌། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བ་དང་ལྔ་བའི་ཕུལ་བྱུང་རྩོམ་རིག་བྱ་དགའ། རྒྱལ་ཡོངས་སྐབས་གཉིས་བའི་གངས་རྒྱན་བུམ་པའི་རྩོམ་རིག་བྱ་དགའ། མཚོ་སྔོན་པོ་རྩོམ་རིག་བྱ་དགའ(རྒྱ་ཡིག) མི་རིགས་རྩོམ་རིག་བྱ་དགའ(རྒྱ་ཡིག)སོགས་ཐོབ་མྱོང༌།
         འཐུས་ཚབ་བརྩམས་ཆོས་ལ་སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང》དང་། 《རྒུད》། སྒྲུང་འབྲིང《སྡེ་དཔོན》དང་། 《མེས་པོ་དང་ཁོས་གསོས་པའི་ཁྱུ་གུ་དག》། 《ནོར་རྫི་བྱིས་པ》། སྒྲུང་ཐུང་ཧྲག་བསྡུས《མི་རབས་གསུམ་གྱི་རྨི་ལམ》སོགས་ཡོད།
         ད་ལྟ་མཚོ་སྔོན་ཞིང་ཆེན་མང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན་ལ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང༌། མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པའི་འགན་ཁུར་ཡོད།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་དགོན་སྡེ500ལྷག་ལ་དགོན་སྡེའི་དཔེ་ཁང་བཙུགས་པ།
  • ལེ་ཚན་རྗེས་མ།:བོད་རིགས་གླུ་མ་འོ་ཕྱུག་སྐྱིད་ཀྱི་གླུ་གཞས་ཆེད་བསྒྲིགས་ཐོག་མ།
  • དོ་སྣང་ཆེ་བའི་རྩོམ།