བསྟན་འཛིན་གྱིས་བསྒྱུར ཀྲུང་གོའི་བོད་ལྗོངས་དྲ་བ། 2012-04-16
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགའ་ལྡན་དགོན་གྱི་གྲྭ་བཙུན་ཉི་མ་དོན་གྲུབ་ཀྱིས་ཚོར་སྣང་ཟབ་མོའི་ངང“ད་ཆ་གྲྭ་བཙུན་ཚང་མར་བརྙན་འཕྲིན་ལྟ་རྒྱུ་ཡོད་པ་དང་དགོན་སྡེའི་དཔེ་ཁང་དུ་དཔེ་དེབ་སྣ་ཚོགས་ལྟ་ཀློག་བྱ་རྒྱུ་ཡོད་པས་ང་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གསུངས་པ་རེད།ཚེས10ཉིན་གྱི་སྔ་དྲོར། ལྷ་སའི་དགོན་སྡེ་གསུམ་གྱི་ཡ་གྱལ་དགའ་ལྡན་དགོན་དུ་རླུང་འཕྲིན་བརྙན་འཕྲིན་དགོན་སྡེར་ཁྱབ་པའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བས་དེས་ལྷ་ས་གྲོང་ཁྱེར་གྱི་རླུང་འཕྲིན་བརྙན་འཕྲིན་དགོན་སྡེ་ཡོངས་ཁྱབ་ཀྱི་ལས་དོན་མངོན་འགྱུར་བྱུང་བ་རེད།
ལྷ་སའི་དགོན་སྡེ་ཡོངས་ཀྱི་གྲྭ་བཙུན་གྱི་རླུང་འཕྲིན་ལ་ཉན་པ་དང་བརྙན་འཕྲིན་ལ་ལྟ་བ། དཔེ་དེབ་དང་ཚགས་པར་ལ་ལྟ་བ་སོགས་ཀྱི་གནད་དོན་ཐག་གཅོད་དང་རྒྱ་ཆེའི་གྲྭ་བཙུན་ཚོའི་རིག་གནས་ཁེ་དབང་འགན་ལེན་བྱ་ཆེད། 2011ལོ་ནས་འགོ་བཙུགས་ཏེ་ལྷ་ས་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་རླུང་འཕྲིན་བརྙན་འཕྲིན་དང་གློག་བརྙན། ཚགས་པར། དཔེ་དེབ་ལྟ་ཀློག་ཁང་སོགས་སྔོན་ཐོན་རིག་གནས་དགོན་སྡེ་ཡོངས་ཁྱབ་ཀྱི་ལས་གྲྭ་ཁྱོན་ཡོངས་ནས་སྤེལ་བ་རེད།
ལྷ་ས་གྲོང་ཁྱེར་གྲོང་ཨུད་རྒྱུན་ཨུད་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝུན་ཞུའེ་ཆིན་གྱིས“དེ་རིང་དགའ་ལྡན་དགོན་དུ་རླུང་འཕྲིན་བརྙན་འཕྲིན་དགོན་སྡེར་ཁྱབ་པའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་དེས་ལྷ་ས་གྲོང་ཁྱེར་གྱི་རླུང་འཕྲིན་བརྙན་འཕྲིན་དང་གློག་བརྙན་སོགས་སྔོན་ཐོན་རིག་གནས་དགོན་སྡེར་ཁྱབ་དལ་གཏོང་བའི་ལས་དོན་ཁག་ཁྱོན་ཡོངས་ནས་ལེགས་གྲུབ་ལག་བསྟར་བྱས་པ་དེས་ལྗོངས་དང་གྲོང་རྡལ་ཏང་ཨུད་ཀྱིས་བཏོན་པའི་སྔོན་ཐོན་རིག་གནས་དགོན་སྡེ་ཡོངས་ཁྱབ་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།”ཅེས་གསུངས་པ་རེད། བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཀྲང་ཁྲུང་དབྱིན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ༢༠༠༩ལོའི་ཟླ་བ༣པ་ནས་ཟུང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཚན་པས་སྔ་ཕྱིར་ལྷ་ས་གྲོང་ཁྱེར་གྱི་འདམ་གཞུང་རྫོང་དང་སྙེ་མོ་རྫོང་། ཆུ་ཤུར་རྫོང་དུ་རླུང་འཕྲིན་བརྙན་འཕྲིན་དགོན་སྡེར་ཁྱབ་པའི་ཚོད་ལྟའི་ལས་དོན་སྤེལ་བ་རེད། ཁོང་གིས་གསུངས་པར། ད་བར་ལྗོངས་ཡོངས་ཀྱི་གློག་ཤར་གཏོང་བྱུང་བའི་དགོན་སྡེ་ཚང་མར་དགོས་ངེས་ཀྱི་སྒྲིག་ཆས་ཚང་མ་འགྲེམ་གཏོང་དམིགས་སར་འབྱོར་ཡོད་པ་དང་ཁྱོན་སྲུང་སྐར་ཐད་གཏོང་བསྡུ་ལེན་སྒྲིག་ཆས་ཆ་ཚང10131དང་དབྱིན་ཚུན9ཡི་བརྙན་འཕྲིན་འཕྲུལ་ཆས8271 དབྱིན་ཚུན40ཡི་བརྙན་འཕྲིན་འཕྲུལ་ཆས229སྤྲས་ཡོད་པ་རེད།
ཀྲང་ཁྲུང་དབྱིན་གྱིས་གསུངས་པར། ལྷ་ས་གྲོང་ཁྱེར་གྱི་ཚོད་ལྟའི་ལས་དོན་གྱི་རྨང་གཞིའི་སྟེང་ཐད་གཏོང་སྲུང་སྐར་དང་སྐུད་ཡོད་གྲངས་ཀའི་བརྙན་འཕྲིན། ས་ངོས་གྲངས་ཀའི་བརྙན་འཕྲིན་གསུམ་གྱི་བྱ་ཐབས་བེད་སྤྱད་ནས་ཅུང་ཐུང་བའི་དུས་ཚོད་ནང་སྲུང་སྐར་ཐད་གཏོང་སྒྲིག་ཆས་ཆ་ཚང༣༥༡༡དང་སྐུད་ཡོད་གྲངས་ཀའི་བརྙན་འཕྲིན་སྒྲིག་ཆས་ཆ་ཚང1621 ས་ངོས་གྲངས་ཀའི་བརྙན་འཕྲིན་གྱི་སྒྲིག་ཆས་ཆ་ཚང343སྒྲིག་སྦྱོར་བྱས་ཡོད་པ་རེད། དེ་བཞིན་དགའ་ལྡན་དགོན་དང་མཚུར་ཕུ་དགོན་དུ་གློག་བརྙན་སྟོན་མཁན་རུ་ཁག་བཙུགས་པ་དང་དེ་མིན་གྱི་དགོན་སྡེ་རྣམས་ས་ཆ་དེ་གའི་ཞིང་གྲོང་གློག་བརྙན་སྟོན་པའི་གྲས་སུ་བཅུག་པས་རླུང་འཕྲིན་བརྙན་འཕྲིན་དགོན་སྡེར་ཁྱབ་པའི་ལས་དོན་སྔོན་དུས་སུ་ལེགས་གྲུབ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དགོན་སྡེ་ཚང་མ་རླུང་འཕྲིན་བརྙན་འཕྲིན་དགོན་སྡེ་ཡོངས་ཁྱབ་མངོན་འགྱུར་བྱུང་ཡོད།
དགའ་ལྡན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རིན་གཞོན་པ་དགེ་འདུན་བསོད་ནམས་ཕུན་ཚོགས་ཀྱིས“ཚགས་པར་དང་དཔེ་དེབ། རླུང་འཕྲིན་བརྙན་འཕྲིན་སོགས་གཙོ་བོའི་ནང་དོན་གྱི་སྔོན་ཐོན་རིག་གནས་དགོན་པར་ཁྱབ་སྤེལ་གྱི་ལས་གཞི་འདི་སྤེལ་བས་ང་ཚོ་དགེ་འདུན་པ་ཚོའི་ལྟ་རྒྱ་ཆེ་རུ་གཏོང་བར་ཕན་པ་ཡོད་ལ་དུས་ཐོག་ཏུ་ཏང་གི་སྲིད་ཇུས་ལམ་ལུགས་ཁག་ཤེས་རྟོགས་བྱེད་པ་དང་ང་ཚོའི་སྣ་གཅིག་གི་འཚོ་བར་འགྱུར་ལྡོག་བཏང་ནས་གྲྭ་བཙུན་གྱི་བྱང་ཚད་གོང་མཐོར་གཏོང་བར་ཕན་པ་ཐོན་ཡོད”ཅེས་གསུངས་པ་རེད།
བསོད་ནམས་ཕུན་ཚོགས་ཀྱིས“དགོན་པའི་ཆ་རྐྱེན་ཤུགས་ཆེའི་ལེགས་བཅོས་བྱས་པ་ཕུད། ན་ནིང་རང་སྐྱོང་ལྗོངས་སྲིད་གཞུང་གྱིས་ཆེད་མངགས་དགོན་སྡེའི་གྲྭ་བཙུན་སྨན་བཅོས་འགན་ལེན་དང་རྒན་གསོའི་འགན་ལེན་གྱི་དམིགས་བསལ་སྲིད་ཇུས་ནང་དུ་བཅུག་ནས་རྒྱ་ཆེའི་གྲྭ་བཙུན་གྱི་རྒན་གསོ་དང་སྨན་བཅོས་འགན་ལེན་སོགས་ཀྱི་དོན་དངོས་གནས་ཚུལ་ཐག་གཅོད་བྱས་པས་ང་ཚོས་དོན་ངོ་མར་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་མྱོང་ཚོར་ཟབ་མོ་བྱུང་བས་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་གསུངས་པ་རེད། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་མཚམས་ཁུང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། བཙུན་མ་ཚུལ་ཁྲིམས་བཟང་མོས“ཉེ་དུས་རླུང་འཕྲིན་བརྙན་འཕྲིན་ཚན་པས་མཚམས་ཁུང་དགོན་དུ་རིན་མེད་ཐོག་བརྙན་འཕྲིན་འཕྲུལ་འཁོར་སོགས་སྒྲིག་ཆས༨༢སྤྲས་པ་དང་སྒྲིག་སྦྱོར་ཟིན་ནས་བྱེད་སྤྱོད་བྱེད་འགོ་ཚུགས་པས་མཚམས་ཁུང་དགོན་གྱི་རླུང་འཕྲིན་བརྙན་འཕྲིན“གྲྭ་ཤག་སོ་སོར་ཁྱབ་པ”མངོན་འགྱུར་བྱུང་བ་དང“ང་ཚོས་ལེ་ཚན་མང་པོ་ལྟ་ཉན་ཐུབ་པས་ང་ཚོའི་ལྟ་རྒྱ་དང་ཐོས་རྒྱ་ཡང་ཆེ་རུ་ཕྱིན”ཅེས་གསུངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཚགས་པར་དགོན་སྡེར་ཁྱབ་གདལ་གྱི་ལས་དོན་དེ2011ལོའི་ཟླ་བ12པར་ཁྱོན་ཡོངས་ནས་ཁྱབ་པ་མངོན་འགྱུར་བྱུང་བ་དང་ཉིན་ལྟར་གྲོང་ཁྱེར་ཡོངས་ཀྱི་དགོན་སྡེར《ལྷ་ས་དགོང་དྲོའི་ཚགས་པར》﹙བོད་ཡིག་པར་ངོས﹚1037དང《མི་དམངས་ཉིན་རེའི་ཚགས་པར》﹙བོད་ཡིག་པར་ངོས﹚231། 《བོད་ལྗོངས་ཉིན་རེའི་ཚགས་པར》﹙བོད་ཡིག་པར་ངོས﹚462སྐྱེལ་བ་དང་དགོན་སྡེའི་དཔེ་ཁང་ལས་གྲྭ་འདི་ལོའི་ཟླ་བ2པར་ཁྱོན་ཡོངས་ནས་ཁྱབ་སྤེལ་མངོན་འགྱུར་བྱུང་བས་གྲོང་ཁྱེར་ཡོངས་ཀྱི་དགོན་སྡེར་དཔེ་སྒྲོམ3155སྒྲིག་སྦྱོར་བྱས་པ་དང་དཔེ་དེབ་ཁྲི17སྤྲས་པ་རེད།
གསར་འགོད་པས་དགའ་ལྡན་དགོན་གྱི་དགོན་སྡེའི་དཔེ་ཀློག་ཁང་ནས་མཐོང་བར། དཔེ་སྒྲོམ་སྟེང་རིག་གནས་དང་འཕྲོད་བསྟེན་བདེ་སྲུང་། ཚན་རྩལ་སོགས་ཕྱོགས་མང་པོའི་དཔེ་དེབ་སྒྲིག་ཡོད་པ་དང་གྲྭ་བཙུན་མི་ཉུང་བ་ཞིག་དཔེ་སྒྲོམ་སྟེང་གི་དཔེ་དེབ་ལས་རང་གི་དགའ་ཕྱོགས་བཞིན་འདེམས་བཞིན་ཡོད་པ་དང་ད་དུང་གྲྭ་བཙུན་ཁ་ཤས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་ངོས་གྱི་ཚགས་པར་ལྟ་ཀློག་བྱེད་བཞིན་ཡོད་པ་རེད།
གྲྭ་བཙུན་ཉི་མ་དོན་གྲུབ་ཀྱིས“ང་རིག་གཞུང་དང་ལོ་རྒྱུས་ཐད་ཀྱི་དཔེ་དེབ་ལྟ་རྒྱུར་དགའ་པོ་ཡོད། འདི་གར་ང་ཚོས་སོ་སོས་དགའ་པོ་བྱེད་པའི་དཔེ་དེབ་གཡར་ནས་ལྟ་ཀློག་བྱེད་ཆོག་པས་དཔེ་དེབ་ལྟ་ཀློག་ཐད་སེམས་ཁྲལ་བྱེད་དགོས་མིན་འདུག”ཅེས་གསུངས།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་མ་འོངས་པར་ལོ་གཅིག་ཙམ་གྱི་དུས་ཚོད་བེད་སྤྱད་ནས་ལྗོངས་ཡོངས་ཀྱི་དགོན་སྡེར་རླུང་འཕྲིན་བརྙན་འཕྲིན་ཡོངས་ཁྱབ་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད། ཆབ་མདོ་ས་ཁུལ་གྱི་བྱམས་པ་གླིང་དགོན་པར་རླུང་འཕྲིན་བརྙན་འཕྲིན་དགོན་སྡེར་ཁྱབ་པ་ལེགས་གྲུབ་བྱུང་བ་དང་གཞིས་རྩེ་ས་ཁུལ་བཀྲས་ལྷུན་དགོན་དུ་འོད་ཐག་གཙོ་སྐུད་ལས་གྲྭ་ལེགས་གྲུབ་བྱུང་བས་ལྗོངས་ཡོངས་ཀྱི་གློག་ཤར་གཏོང་བྱུང་བའི་དགོན་སྡེར་ཟླ་བ༥པའི་ཟླ་མཇུག་ཏུ་རླུང་འཕྲིན་བརྙན་འཕྲིན་ཡོངས་ཁྱབ་མངོན་འགྱུར་ཡོང་རྒྱུའི་རེ་བ་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10