ཉིང་ཞ་ཡིས་སྐྱེ་ཁམས་ཅན་གྱི་ཡུལ་མི་གནས་སྤོའི་ལས་གྲྭ་ལག་བསྟར་བྱས་ཏེ་ཧུའུ་རིགས་མང་ཚོགས་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས།

        2014-10-10

ཞིན་ཧྭ་གསར་འགྱུར་ཁང་ཡིང་ཁྲོན་ནས་ཟླ་བ9པའི་ཚེས21ཉིན་འབྱོར་བའི་གཏམ་གསར། ཉིན་ཞ་ཧུའུ་རིགས་རང་སྐྱོང་ལྗོངས་ཀྱི་དབུས་ལྷོ་རྒྱུད་ཀྱི་རི་ཁུལ་ནི་ཧུའུ་རིགས་མང་ཚོགས་འདུས་སྡོད་བྱེད་ཡུལ་ཡིན་ལ། ཆེས་དབུལ་པོའི་ས་ཁུལ་ཞིག་ཀྱང་ཡིན། ས་གཤིས་ཞན་པའི་ས་གཞི་དེའི་ཐོག་མི་ཁྲི200ལྷག་འཚོ་བར་རོལ་བཞིན་ཡོད་ཅིང་།དབུལ་སྐྱོར་ཚད་གཞི་གསར་པར་གཞིགས་ན།མིག་སྔར་ཉིང་ཞ་ལྗོངས་ཡོངས་ལ་དབུལ་པོའི་མི་འབོར་ཁྲི100ཡོད་པ་དང་། དེ་དག་གཙོ་བོ་ཉིང་ཞའི་དབུས་ལྷོ་རྒྱུད་ཀྱི་རི་ཁུལ་གྱི་རྫོང་དང་ཆུས9ཡི་སྲིད་འཛིན་གྲོང་སྡེ1560ལ་ཁྱབ་ཡོད་པ་རེད། 2011ལོ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཅན་གྱི་ཡུལ་མི་གནས་སྤོའི་ལས་གྲྭ་ལག་བསྟར་བྱེད་འགོ་བརྩམས་ཤིང་། འཆར་འགོད་ལ་གཞིགས་ན། ཉིང་ཞས་མ་དངུལ་སྒོར་དུང་ཕྱུར105བཏང་སྟེ་ལོ5ཡི་དུས་ཡུན་ནང་འཚོ་གནས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པའི་ས་ཁུལ་དུ་འཚོ་བ་རོལ་པའི་དབུལ་པོའི་མང་ཚོགས་ཁྲི35དེ་ཆུ་དང་ཐག་ཉེ་བ་དང་ལམ་འགྲམ།གྲོང་ཁྱེར་དང་ཐག་ཉེ་བའི་ས་ཁོངས་སུ་གནས་སྤོ་བྱ་རྒྱུའི་འཆར་གཞི་བཞག་ཅིང་ཡང་ལོ5ཡི་དུས་ཡུན་སྤྱད་དེ་ཁོ་ཚོ་དབུལ་བྲལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་པ་རེད།
    ཉིང་ཞའི་བྱང་རྒྱུད་ཀྱི་ཧྲི་ཀྲུའེ་ཧྲན་གྲོང་ཁྱེར་ཕིང་ལུའོ་རྫོང་ཧུང་ཡ་ཙི་ཤང་ཧུང་རེན་གྱི་ཡུལ་མི་གནས་སྤོའི་གྲོང་གསར་དུ་དགའ་འོས་པའི་རྣམ་པ་ཆགས་ཡོད་པ་སྟེ། འཚོ་བའི་ཐད་ལ་ཞི་ཅི་རྫོང་ནས་ཡོང་བའི་ཧུའུ་རིགས་མང་ཚོགས་རྣམས་སྲིད་གཞུང་གིས་གཅིག་འགྱུར་ངང་བསྐྲུན་པའི་དུད་ཚང་རེར་སྤྱི་ལེ་གྲུ་བཞི་མ54ཡོད་པའི་ཡུལ་མི་གནས་སྤོའི་བདེ་སྡོད་ཁང་དུ་སྤོས་ཡོད་ཅིང་། དུད་ཚང་ཡོད་ཚད་ལ་སྦུག་ཆུ་དང་ཉི་ནུས།འཁོར་སྐར་སྡུད་འཕྲུལ་སོགས་སྒྲིག་སྦྱོར་བྱས་ཡོད།གསར་དུ་བསྐྲུན་པའི་གྲོང་སྡེའི་ཨུ་ཡོན་ལྷན་ཚོགས་དང་རང་འདེམས་ཚོང་ཁང་། ངལ་རྩོལ་ལས་ཞུགས་ཀྱི་གསོ་སྦྱོང་བྱེད་ཡུལ་སོགས་ཀྱང་སྤྱོད་གོ་ཆོད་པ་རེད། ཐོན་སྐྱེད་ཀྱི་ཐད་ལ། སྲིད་གཞུང་གིས་ནང་འདྲེན་བྱས་པའི་རྒུན་འབྲུམ་འདེབས་འཛུགས་ར་བ་དང་ཀྲུང་དབྱི་སྨན་རྫས་འདེབས་འཛུགས་གནས་གཞི་སོགས་ལ་བརྟེན་ཧུང་རེན་གྲོང་གསར་གྱི་གནས་སྤོ་ཡུལ་མིས་དུས་ཡུན་ཐུང་ངུའི་ནང་ས་གནས་དེ་གར་འཚོ་བ་རོལ་བ་མ་ཚད་རིམ་བཞིན་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་རེད།
    མིག་སྔར་གྱི་བར་དུ་སླེབས་སྐབས། ཉིང་ཞ་ཡིས་དབུས་ལྷོ་རྒྱུད་ཀྱི་རི་ཁུལ་ནས་མི་ཁྲི23གནས་སྤོ་བྱས་ཏེ་ཡུལ་མི་གནས་སྤོའི་བདེ་སྡོད་ཁང་ཁྲི6ལྷག་བསྐྲུན་ཡོད་པས། སྐྱེ་ཁམས་ཅན་གྱི་ཡུལ་མི་གནས་སྤོ་བྱེད་པ་ནས་མི་ཁྲི8ལྷག་ལས་ཞུགས་བྱེད་པ་མངོན་འགྱུར་བྱས་ཡོད། སྔོན་རྩིས་བྱས་ན2020ལོར། དབུས་ལྷོ་རྒྱུད་ཀྱི་རི་ཁུལ་ནས་གནས་སྤོ་བྱས་པའི་ཡུལ་མི་ཁྲི35ཡི་ཆ་སྙོམས་མི་རེའི་ཡོང་སྒོ་ཁེ་གཙང་དེ་ཉིང་ཞ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་འགྱུར་རྒྱུ་རེད།
  • ལེ་ཚན་སྔོན་མ།: ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་སྡོམ་ཚོགས་ཆེན་པེ་ཅིན་ནས་ཚོགས།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་ཉི་ཤུ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།