མཚོ་སྔོན་པོ་དྲ་བ། 2012-10-09
བཀྲ་ཤིས་ཚེ་རིང་གིས་སྒྲིག་པའི《སྐད་གསུམ་ཚིག་མཛོད་གསར་བ》།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་ཅན་དང་ཆ་འཕྲིན་ཅན་གྱི་རྒྱབ་ལྗོངས་འོག་བོད་རིག་པའི་གྲགས་པ་རབ་ཏུ་འབར་བཞིན་ཡོད་ཅིང་། བོད་རྒྱ་དབྱིན་གསུམ་སྤྱོད་པའི་མི་ཉིན་རེ་ལས་ཇེ་མང་དུ་ཕྱིན་དང་འགྲོ་བཞིན་ཡོད་པས་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་དཔེ་སྐྲུན་གནང་བའི་གལ་ཆེན་རང་བཞིན་ཡང་ཉིན་རེ་བཞིན་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དེར་བརྟེན་སྐད་གསུམ་སྤྱོད་པའི་སློབ་གཉེར་བ་དག་གི་དགོས་མཁོ་བསྐང་བར། མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་སྒོས་བཀྲ་ཤིས་ཚེ་རིང་དང་ལྷག་པ་ཚེ་རིང་གཉིས་ཀྱིས་མཉམ་སྒྲིག་བྱས་པའི《སྐད་གསུམ་ཚིག་མཛོད་གསར་བ》(བོད་རྒྱ་དབྱིན)འགྲེམ་སྤེལ་བྱེད་པ་ཡིན་ལ། ཚིག་མཛོད་འདི་ནི་བཀྲ་ཤིས་ཚེ་རིང་གིས་རང་སྟེང་ནས་སྒོར་འབུམ5བཏང་བ་དང་། འདི་དཔེ་སྐྲུན་བྱེད་པའི་སྔོན་འགྲོ་ནི་གཅིག་ནས་དཔེ་སྐྲུན་གྱི་སྤུས་ཚད་ཤིན་ཏུ་ལེགས་དགོས་པ། གཉིས་ནས་རིན་གོང་ཐད་ནས་ཤིན་ཏུ་བདེ་དགོས་པ། གསུམ་ནས་རྩོམ་པ་པོར་ལེགས་སྐྱེས་སུ་གནང་བའི་དཔེ་ཆ2000ལས་གཞན་ལྷག་མའི་དཔེ་ཆ20000ནི་མ་འོངས་ལོ་གཉིས་ཀྱི་ནང་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་སོ་སོ་ནས་དཔེ་ཆ10000འགྲེམ་སྤེལ་བྱེད་པ་དང་། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་ཀན་སུའུ་དང་སི་ཁྲོན། མཚོ་སྔོན། ཡུན་ནན་སོགས་ཞིང་ཆེན་དང་ས་ཁུལ་གཞན་གྱི་འགྲེམ་སྤེལ་བྱ་འགན་བཞེས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བོད་རང་སྐྱོང་ལྗོངས་སུ་དཔེ་སྐྲུན་འགྲེམ་སྤེལ་གྱི་འགན་བླངས། འགྲེམ་ཚོང་དང་། ལེགས་གཅེས་སུ་ཕུལ་བའི་འགྲེམ་སྤེལ་བྱ་ཐབས་སྤྱད་ཅིང་། ལེགས་གཅེས་ཕུལ་ཡུལ་གཙོ་ཆེ་བ་ནི་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྡེ་ཁག་དང་། རྒྱལ་ཡོངས་དམངས་ཆེན། རྒྱལ་ཡོངས་སྲིད་གྲོས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། རྒྱལ་ཁབ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་དང་འབྲེལ་བའི་སྐད་ཡིག་ཞིབ་འཇུག་ལས་ཁུངས་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་སོགས་སློབ་ཆེན་ཁག་དང་། བོད་ཁུལ་གྱི་མཐོ་འབྲིང་ཡན་གྱི་སློབ་གྲྭའི་དཔེ་མཛོད་ཁང་བཅས་ཡིན།
ཚིག་མཛོད་འདིར་བསྡོམས་པས་ཐ་སྙད15327བསྡུས་ཡོད་ཅིང་། དེར་རྒྱུན་སྤྱོད་ཐ་སྙད་བདམས་པ་དང་། གསལ་འགྲེལ་ཡི་གེ་གོ་བདེ་བར་བྱེད་པ། དཔེར་བརྗོད་ཁ་ཤས་ཤིག་ཅུང་རིང་བ་མ་གཏོགས་གང་ནུས་ཀྱིས་སྟབས་བདེ་དང་ཐུང་ངུའི་ངང་བོད་ཀྱི་སྤྱི་ཚོགས་འཚོ་དང་ལོ་རྒྱུས་རིག་གནས་དང་འབྲེལ་བའི་ནང་དོན་ཞིབ་བརྗོད་བྱས་པ་ཡིན་ལ། གཙོ་བོ་ནང་དོན་གྱི་ཐད་ནས་ཆ་ཚང་བར་བྱེད་པ་དང་། མཆན་འགྲེལ་ཡི་གེ་དང་དཔེར་བརྗོད་ཁྲོད་ཀྱང་རྒྱན་སྤྱོད་ཀྱི་དབུས་གཙང་སྐད་སྤྱད་ཡོད། ཁོ་བོས་དེ་སྔ་དཔེ་སྐྲུན་བྱས་པའི《བོད་རྒྱ་དབྱིན་གསུམ་ཚིག་མཛོད》དང་བསྡུར་ན། 《སྐད་གསུམ་ཚིག་མཛོད་གསར་བ》ནི《བོད་རྒྱ་དབྱིན་གསུམ་ཚིག་མཛོད》ཀྱི་རྨང་གཞིའི་སྟེང་ལེགས་སྒྲིག་བྱས་པ་ཞིག་ཡིན།
བཀྲ་ཤིས་ཚེ་རིང་ནི་མི་ཚེ་གང་བོར་བོད་ལྗོངས་ཀྱི་སློབ་གསོ་དང་སྤྱི་ཚོགས་ཀྱི་སྤྱི་ཕན་ལས་དོན་ལ་གཞོལ་ཏེ་སྔ་གཞུག་ཏུ་དངུལ་རྩ་བཏོན་ནས་སློབ་གྲྭ100ལ་ཉེ་བ་འཛུགས་སྐྲུན་གནང་ལ། སྤྱི་ཚོགས་ཡོངས་སུ་སྙན་གྲགས་ཆེན་པོ་རྒྱས་ཡོད། ཁོ་བོ་བོད་རྒྱ་དབྱིན་གསུམ་གྱི་སྐད་ལ་བྱང་ཆུབ་ཅིང་འབད་པ་ཆེར་བསྐྱེད་ཀྱིས་སྐད་གསུམ་ཚིག་མཛོད་བསྒྲིགས་ཐུབ་པར་སྤྲོ་སེམས་རབ་ཏུ་རྒྱས། ཁོས《སྐད་གསུམ་ཚིག་མཛོད་གསར་བ》ཞེས་པའི་ཚིག་མཛོད་ཁ་ཤས་ཤིག་བོད་ཁུལ་གྱི་སྐད་ཡིག་ཞིབ་འཇུག་ལས་ཁུངས་དང་བོད་ཁུལ་སློབ་ཆེན་སོ་སོའི་དཔེ་མཛོད་ཁང་དང་འབྲེལ་ཡོད་སྡེ་ཁག་ལ་ཕུལ་ཏེ་རང་ཉིད་རིག་གནས་སློབ་གསོའི་ལས་དོན་ལ་བརྩེ་གདུང་ཟབ་པའི་འདུན་མ་མཚོན་ཡོད་པ་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10