སྐབས་ལྔ་བའི་བོད་མིའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུའི་རེབ་གོང་ས་ཁུལ་གྱི་འདུ་ཚོགས་དེ་དེ་རིང་ཕྱི་དྲོའི་ཆུ་ཚོད་༡༤དང་སྐར་མ་༡༥སྟེང་ཚོགས་འགོ་བརྩམས་ཤིང་། ཆུ་ཚོད་༡༦དང་སྐར་མ་༡༧སྟེང་མཇུག་སྒྲིལ། འདུ་ཚོགས་ལ་རྨ་ལྷོ་ས་ཁུལ་གྱི་སྙན་ངག་པ་འཆི་མེད་དང་སྙན་བཟང་ཡུམ་སྐྱབས་རྒྱལ། གུ་རུ་དོན་གྲུབ། ཁྱུང་བཟང་། མར་ཁུ་རྒྱལ་མཚན། བྱང་སྒྲ་སྙན། མོག་ཟླ། རེ་རྐང་གླིང་། རོང་བོ་གངས་དཀར། ས་དཀྱིལ་ཚེ་བཀྲ། ཐོ་རེངས། དཔལ་བེའུ། གཅན་གངས་ཟླ། གཅན་རྣམ་ཐར། རེབ་གོང་བ་ཚེ་རིང་འབུམ་བཅས་མི་སྣ་བཅོ་ལྔ་ཙམ་འདུས་ཏེ་སྙན་ངག་གྱེར་འདོན་དང་། སེམས་གཏམ་བགྲོ་གླེང་བྱས། རེབ་འདིའི་ཚོགས་འདུ་ལ་རེ་རྐང་གླིང་གིས་མདོ་འཛིན་བྱས།
བོད་མིའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་ནི་བོད་ཀྱི་སྙན་ངག་པ་གྲགས་ཅན་ལྗང་བུ་ལགས་ཀྱིས་དབུ་བཙུགས་པའི་བོད་ཡུལ་གྱི་གཞི་རྒྱ་ཆེས་ཆེ་བའི་སྙན་ངག་བགྲོ་གླེང་ཚོགས་འདུ་ཞིག་ཡིན་པ་དང་། སྐབས་སྔོན་མ་དག་ཟི་ལིང་དང་མཚོ་སྔོན་པོ། རྨ་ཆུ་སོགས་སུ་ཚོགས་པར། བོད་ཡུལ་གྱི་སྙན་ངག་པ་རྒན་དར་གཞོན་གསུམ་བརྒྱ་ཕྲག་ཅིག་ཞུགས་མྱོང་ཡོད་པ་རེད། སྙན་ངག་འདུ་ཚོགས་འདིས་དངོས་ཤུགས་གང་རུང་ནས་བོད་ཀྱི་རིག་གནས་ལ་ཞབས་འདེགས་བླ་མེད་ཅིག་ཞུ་གིན་ཡོད་པ་མ་ཟད། བོད་ཀྱི་སྙན་ངག་གསར་བའི་ལམ་ཁ་དེ་རྒྱལ་སྤྱིའི་ཅན་དུ་འཕོས་འགྱུར་བའི་སྔོན་འགྲོས་དབུ་ཁྱུད་ཅིག་ཀྱང་བྲིས་སྣང་ཡོད་དོ། །