དཔའ་རིས་མི་རིགས་སློབ་འབྲིང་གིས་སློབ་ཁྲིད་སྟེང་བོད་ཀྱི་ཐང་ག་ རིག་གནས་རྒྱུད་འཛིན་བྱས་པ།
ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོའི་བོད་ལྗོངས་དྲ་བ། 2011-11-10
“ང་རང་རི་མོ་འབྲི་རྒྱུ་དགའ། ཐང་ག་འབྲི་སྦྱང་བྱས་ཏེ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་པ་དང་། མི་མང་པོ་ཞིག་ལ་བོད་ཀྱི་ཐང་ག་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ནི་ངའི་འོས་འགན་ཡིན”ཞེས་བོད་རིགས་སློབ་མ་བདེ་སྐྱིད་ཀྱི་དེ་ལྟར་བརྗོད་པ་རེད། ཁོ་མོ་ནི་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་མི་རིགས་སློབ་འབྲིང་མཐོ་གསུམ་འཛིན་གྲྭ་དང་པོའི་སློབ་མ་ཡིན། དཔའ་རིས་བོད་རིགས་རང་སྐྱོང་རྫོང་མི་རིགས་སློབ་འབྲིང་ནི1981ལོར་བཙུགས་པ་དང་། ཀན་སུའུ་ཞིང་ཆེན་མངའ་ཁོངས་སུ་ཐང་ག་ཆེད་ལས་བཙུགས་པའི་སློབ་འབྲིང་གཅིག་པུ་རེད།
ཐང་ག་དགེ་རྒན་ལྕགས་ཐར་ཚེ་རིང་ནི2008ལོར་སློབ་གྲྭ་འདིའི་དགེ་རྒན་གྱི་འགན་བཞེས་པ་དང་། ཁོ་རང་ལོ་ན14ནས་བཟུང་ཐང་ག་འབྲི་སྦྱང་བྱེད་འགོ་བརྩམས། དེ་རྗེས་མཚོ་སྔོན་མི་རིགས་སློབ་ཆེན་དུ་སློབ་སྦྱོང་བྱེད་དུ་སོང་ཞིང་། སྐབས་དེར་དགེ་རྒན་མང་པོ་མདུན་དུ་ཐང་ག་སྒྱུ་རྩལ་སྦྱང་བ་བྱས། ཁོས“ང་རང་ཆུང་དུས་ནས་རི་མོ་འབྲི་རྒྱུ་དགའ་ཞེན་ཆེ་ལ། ནང་སྒོས་སུ་ཐང་ག་སྒྱུ་རྩལ་འབྲི་སྦྱང་བྱེད་རྒྱུ་དགའ། ཐང་ག་ནི་བོད་རིགས་ཀྱི་གཅེས་ནོར་རེད”ཞེས་བཤད། །