ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རང་རྒྱལ་གྱིས་ཞིང་པར་ཁ་གསབ་རོགས་དངུལ་སྤྲོད་ཚད་མཐོ་རུ་གཏོང་རྒྱུ་ཡིན།
(མིག་དམར་གྱིས་བསྒྱུར།) 2011-09-13
ཉེ་ཆར། རྒྱལ་ཡོངས་ཀྱི་ཞིང་ལས་ནོར་སྲིད་ལས་ཀ་ཚོགས་འདུའི་ཐོག་ནོར་སྲིད་པུའུའི་པུའུ་ཀྲང་གི་ལས་རོགས་པ་ཧུའུ་ཅིང་ལིན་གྱིས་སྟོན་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་སུ་ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་གསུམ་གནད་དོན་ལ་ཧ་ལམ་སྒོར་ཁྲི་དུང་ཕྱུར3གཏོང་རྒྱུར་བཀོད་སྒྲིག་བྱས་པས་ལོ་རེར་ཆ་སྙོམས་བརྒྱ་ཆ23.6མཐོ་རུ་འཕར་ཡོད་ཅིང་། མ་དངུལ་གཏོང་ཁྱོན་དང་ལོ་རེའི་ཆ་སྙོམས་འཕར་ཚད་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བསྐྲུན་ཡོད། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས། ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོབ་བྱེད་པའི་ལས་ཀར་རྣམ་པ་གསར་པ་དང་ལས་འགན་གསར་པར་ཐུག་པས་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་སྔར་ལྷག་གིས་ཞིང་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཐོགས་པའི་སྲིད་ཇུས་འཐུས་ཚང་དང་དོན་འཁྱོལ་བྱས་ཏེ་གཤམ་གྱི་ལས་ཀ་འགར་དམ་འཛིན་བྱེད་དགོས།
བརྟན་བརླིང་གི་སྒོ་ནས་ཞིང་པའི་ཁ་གསབ་ཆུ་ཚད་དང་འབྲུ་རིགས་སོགས་གཙོ་ཆེ་བའི་ཞིང་ལས་ཐོན་རྫས་སྒྲུག་པའི་རིན་གོང་མཐོ་རུ་གཏོང་དགོས།
ཞིང་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་ཕྱོགས་བསྡུས་ལེགས་སྒྲིག་གི་ནང་རྐྱེན་གསར་སྐྲུན་བྱས་ནས་རྒྱུན་ཆད་མེད་པར་ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱས་པའི་མ་དངུལ་གྱི་བེད་སྤྱོད་ཕན་ནུས་མཐོ་རུ་གཏོང་དགོས།
ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་འཕར་སྣོན་ཡོང་བའི་ནང་རྐྱེན་གསར་སྐྲུན་བྱས་ནས་ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་གྱི་འབྱུང་ཁུངས་ཡོང་ཐབས་རྒྱ་བསྐྱེད་གཏོང་དགོས།