རང་རེའི་ཞིང་ཆེན་གྱིས་དུས་ཚིགས་བཞི་པའི་གལ་ཆེ་བའི་ལས་གཞི་གཅིག་བསྡུས་ཀྱིས་ལས་འགོ་ཚུགས་པའི་མཛད་སྒོ་སྤེལ།
ཡེ་མིང་གིས་བསྒྱུར། 2016-11-08
སྤྱི་ཟླ10པའི་ཚེས31ཉིན། སི་ཁྲོན་ཞིང་ཆེན་གྱིས2016ལོའི་དུས་ཚིགས་བཞི་པའི་གལ་ཆེ་བའི་ལས་གཞི་ལས་འགོ་འཛུགས་པའི་མཛད་སྒོ་སྤེལ་ནས་རང་ཁུལ་གྱི་གསེར་ཐར་རྫོང་དུ་ཡན་ལག་ཚོགས་ར་འཛུགས་གཉེར་བྱས་པ་རེད། ཞིང་ཆེན་རིམ་པའི་གཞུང་ལམ454པ་གསེར་ཐར་ནས་ཉི་སྟོད་བར་དང་ཞིང་ཆེན་རིམ་པའི་གཞུང་ལམ455པ་གསེར་ཐར་ནས་དཀར་མཛེས་རྫོང་ལ་སྐོར་ལའི་བར་གྱི་གཞུང་ལམ་ལས་འགོ་ཚུགས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱང་ཆུབ་ཀྱིས་ལས་འགོ་ཚུགས་རྒྱུ་ཁྱབ་བསྒྲགས་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བས་བཀའ་མངགས་ལྟར། ཁུལ་དཔོན་གཞོན་པ་ཀྲང་ཡུང་ཏེ་ཡིས་ཞིང་ཆེན་རིམ་པའི་གཞུང་ལམ454པ་གསེར་ཐར་ནས་ཉི་སྟོད་བར་དང་ཞིང་ཆེན་རིམ་པའི་གཞུང་ལམ455པ་གསེར་ཐར་ནས་དཀར་མཛེས་རྫོང་ལ་སྐོར་ལའི་བར་གྱི་གཞུང་ལམ་གཅིག་བསྡུས་ཀྱིསལས་འགོ་ཚུགས་པར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད། ལས་གཞི་འདི་གཉིས་ལ་སྔོན་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར21.6གཏོང་འཇོག་བྱ་རྒྱུའི་ནང་ཞིང་ཆེན་རིམ་པའི་གཞུང་ལམ455པ་ནི་གསེར་ཐར་རྫོང་ཡང་ལུང་ནས་དཀར་མཛེས་རྫོང་ལ་སྐོར་ལའི་བར་སྤྱི་ལེ103.165ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར9.9གཏང་རྒྱུ་ཡིན་ཞིང་། ཞིང་ཆེན་པའི་གཞུང་ལམ454པ་ནི་གསེར་ཐར་རྫོང་གྲོང་ཁུལ་ནས་ཉི་སྟོད (སི་ཁྲོན་དང་མཚོ་སྔན་གྱི་ས་མཚམས)བར་སྤྱི་ལེ140.735ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་11.99གཏང་རྒྱུ་ཡིན་པ་རེད། ལས་གཞི་གཉིས་ཀྱི་ཞེང་ཚད་སྨི8.5ཡོད་པའི་འགྱིག་སྣུམ་བཏིང་པའི་ལམ་གཞི་འདི་ཆུ་ཚོད་རེ་ལ་རླངས་འཁོར་སྤྱི་ལེ40རེ་རྒྱུག་ཐུབ་པའི་ཚད་གཞི་ལྟར་བྱས་ནས་ཇུས་འགོད་བྱས་པ་རེད། གཞུང་ལམ་འདི་གཉིས་གསེར་ཐར་རྫོང་བྱང་རྒྱུད་ཀྱི་ཤང་ཁག་སོ་སོར་ཁྱབ་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་། དམངས་འཚོ་ལེགས་བཅོས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་གཞུང་ལམ་དང་དཔལ་འབྱོར་གཞུང་ལམ། ཚེ་སྲོག་གི་གཞུང་ལམ་ཡིན་པ་རེད། གཞུང་ལམ་འདི་གཉིས་ཤར་གཏོང་ཐུབ་རྗེས་བྱང་དུ་མཚོ་སྔོན་དུ་འགྲོ་ས་དང་ནུབ་ཏུ་དཀར་མཛེས་སུ་འགྲོ་ས། ལྷོ་རུ་བྲག་འགོར་འགྲོ་ས།ཤར་དུ་རྔ་བར་འགྲོ་ས་སོགས་ཀྱི་གཞུང་ལམ་དྲ་བ་ཆགས་ནས་ཕྱུགས་འབྲོག་ཐོན་རྫས་སྐྱེལ་འདྲེན་བྱེད་སའི་གནད་དོན་ཐག་གཅོད་བྱས་པ་དང་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ལྷན་དུ། དབུལ་སྐྱོར་གནད་སྨིན་གྱིས་དབུལ་པོའི་རྩ་བ་དོར་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དུས་ཐོག་ཏུ་དབུལ་ཐར་ཕྱུག་འགྱུར་བྱ་རྒྱུའི་རེ་འདུན་མངོན་འགྱུར་བྱུང་རྒྱུའི་རེ་བ་ཡོད་པ་རེད། །