རང་རྒྱལ་གྱི་འབུད་ཤུགས་ཆེ་ཤོས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རབས་དང་པོ་འཕུར་སྐྱོད་ཐོག་མ་བྱ་རྒྱུ་ཡིན་པ།
གསར་འགོད་པས་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་དང་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་10ཚེས་28ཉིན་འཕུར་སྐྱོད་ཐོག་མ་བྱས་པའི་རང་རྒྱལ་གྱི་འབུད་ཤུགས་ཆེ་ཤོས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རྒྱང་སྐྱོད་ཨང་ལྔ་པ་ཧའེ་ནན་ཝུན་ཁྲང་འཕེན་གཏོང་ས་ཚིགས་ནས་ལག་རྩལ་ཁུལ་གྱི་འབྲེལ་ཡོད་ལས་དོན་ལེགས་གྲུབ་བྱས་རྗེས། འཕེན་གཏོང་ཁུལ་དུ་དབོར་བ་དང་། ཟླ་བཅུ་གཅིག་པའི་ཟླ་འགོར་བབ་བསྟུན་འཕེན་གཏོང་བྱེད་རྩིས་ཡོད་པ་རེད།
རྒྱང་སྐྱོད་ཨང་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཟླ་དགུ་པའི་ཟླ་སྟོད་དུ་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ས་ཚིགས་སུ་དབོར་འདྲེན་བྱས་པ་དང་། འཕུར་སྐྱོད་འགན་འཁྲི་གཞིར་བཟུང་། འཕེན་གཏོང་བརྒྱུད་རིམ་ཚོད་ལྟ་བྱས་ཤིང་། སྒྲིག་སྦྱོར་ཨ་མ་དང་ཚོད་ལྟ་སོགས་ཀྱི་གྲ་སྒྲིག་ལས་དོན་ཁག་གཅིག་མཇུག་གཉིས་མཐུད་ངང་བསྒྲུབས་པ་རེད། ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་སྐར་མ་25ལ་རྒྱང་སྐྱོད་ཨང་ལྔ་པ་བསྒར་བའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་སྒུལ་ཤུགས་འཕེན་གཏོང་ལས་སྟེགས་དེ་བྱེད་སའི་འཕེན་གཏོང་ས་ཚིགས་ནས་ཐོན་པ་དང་། ཆུ་ཚོད་2ཙམ་བརྟན་པོའི་ངང་བསྐྱོད་རྗེས། འཕེན་གཏོང་ཁུལ་དུ་བདེ་བླག་ངང་འབྱོར་བ་རེད། དེ་རྗེས་མེ་ཤུགས་འཕུར་མདའི་ནུས་པར་ཞིབ་བཤེར་དང་མཉམ་འབྲེལ་ཚོད་ལྟའི་ལས་དོན་ལེགས་གྲུབ་བྱུང་སྟེ་མཐའ་མའི་ལས་ཀ་བསྒྲུབས་རྗེས། མེ་ཤུགས་འཕུར་མདར་སྐུལ་འདེད་གཏོང་ཆས་བསྣན་ནས་འཆར་གཞི་ལྟར་འཕེན་གཏོང་བྱ་རྒྱུ་རེད།