སི་ཁྲོན་མཐོ་སྒང་གི་བོད་ཁུལ་དང་ལིའང་ཧྲན་དབྱིས་ཁུལ་གྱི་དབུལ་ཕོངས་གྲོང་ཚོར་ཞིང་པའི་མཚན་མོའི་སློབ་གྲྭ་འཛུགས་རྒྱུ།
གངས་སྐྱིད་ཀྱིས་བསྒྱུར། 2016-09-12
ཞིན་ཧྭ་གསར་འགྱུར་ཁང་ཁྲེན་ཏུའུ་ནས་འབྱོར་བའི་གཏམ་གསར། ཉེ་ཆར་སི་ཁྲོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བ11པའི་ཟླ་མཇུག་ཡན་ལ་སི་ཁྲོན་གྱིས་མཐོ་སྒང་བོད་ཁུལ་དང་ལིའང་ཧྲན་ཆེ་ཆུང་གཉིས་ཀྱི་དབྱིས་ཁུལ་གྱི་དབུལ་ཕོངས་གྲོང་ཚོར་ཞིང་པའི་མཚན་མོའི་སློབ་གྲྭ་ཡོངས་སུ་འཛུགས་རྒྱུ་རེད། མིག་སྔར་སི་ཁྲོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཆེད་དུ་བརྡ་ཐོ་བཏང་སྟེ་ཞིང་པའི་མཚན་མོའི་སློབ་གྲྭ་འཛུགས་པར་རེ་འདུན་གསལ་པོ་བཏོན་ཡོད།
སི་ཁྲོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགན་ཁུར་མི་སྣ་ཡིས་མི་རིགས་ས་ཁུལ་གྱི་གནད་དུ་སྨིན་པའི་དབུལ་སྐྱོར་དང་གནད་དུ་སྨིན་པའི་དབུལ་བྲལ་ལ་ཞབས་འདེགས་བྱ་ཆེད། སི་ཁྲོན་གྱིས་ལས་གྲྭ་དང་། མི་སྣ། སྒྲིག་ཆས། དགེ་རྒན། སློབ་དེབ། ལམ་ལུགས། བྱེད་སྒོ་བཅས་ཆ་རྐྱེན་བདུན་འཛོམས་པའི་ཚད་གཞི་ལྟར་རྒྱང་རིང་ནས་སློབ་གསོ་བྱས་པར་བརྒྱུད་དབུལ་སྐྱོར་བྱེད་སྒོ་སྤེལ་བའི་འཆར་གཞི་ལག་ལེན་བསྟར་བ་དང་ཟུང་འབྲེལ་བྱས་ཏེ་མཐོ་སྒང་གི་བོད་ཁུལ་དང་ལིའང་ཧྲན་ཆེ་ཆུང་གི་དབུལ་ཕོངས་གྲོང་ཚོ་ཐམས་ཅད་དུ་ཞིང་པའི་མཚན་མོའི་སློབ་གྲྭ་རེ་འཛུགས་རྒྱུ་རེད། མཚན་མོའི་སློབ་གྲྭས་ལོ་རེར་ཡུལ་དེ་གའི་དབུལ་ཕོངས་དུད་ཚང་ཡོད་ཚད་ལ་དབུལ་སྐྱོར་བྱ་རྒྱུའི་ཐད་གསོ་སྦྱོང་བྱས་ཏེ་དབུལ་ཕོངས་དུད་ཚང་གིས་སྤྱོད་གོ་ཆོད་པའི་ནུས་རྩལ་གཅིག་ནས་གཉིས་ཙམ་ཤེས་པར་ཁག་ཐེག་འགན་ལེན་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་པའི་མཚན་མོའི་སློབ་གྲྭ་བཙུགས་རྗེས་དགེ་རྒན་རྣམ་པས་ཆེད་གྲངས་ཀྱི་དབུལ་སྐྱོར་བྱ་སྤྱོད་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་ཐོན་སྐྱེད་ལ་རོགས་སྐྱོར་དང་། ལས་ཞུགས། འཕེལ་རྒྱས། སྐྱེ་ཁམས་ཀྱིས་དབུལ་སྐྱོར། ཡུལ་མི་གནས་སྤོ། ཆེས་དམའ་བའི་འཚོ་རྟེན་འགན་སྲུང་གི་སྲིད་ཇུས། སྨན་བཅོས་རོགས་སྐྱོར། གནོད་སྐྱོན་ཐེབས་རྗེས་ཁྱིམ་གཞིས་བསྐྱར་འཛུགས་སོགས་ཀྱི་ཐད་དབུལ་ཕོངས་ཀྱི་གྲོང་མིར་ཆེད་དོན་གསོ་སྦྱོང་བྱ་རྒྱུ་རེད།