༄༅། །ཁུ་ཁུ་ཤི་རི2017ལོའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་འདེམས་བསྐོའི་ནང་ཞུགས་པ།

    མི་དམངས་དྲ་བ།    2016-02-29

གསར་འགོད་པར་ཁུ་ཁུ་ཤི་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཁུ་ཁུ་ཤི་རི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཤུལ་བཞག་སྙན་ཞུའི་དཔྱད་གཞི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་རྩ་འཛུགས་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་ལ་ཕུལ་བ་དང་། དེ་ནི་རང་རྒྱལ་གྱི2017ལོའི་འཛམ་གླིང་རང་བྱུང་ཤུལ་བཞག་འདེམས་བསྐོའི་ནང་ཞུགས་པའི་རྣམ་གྲངས་གཅིག་པུ་དེ་རེད།
     ཁུ་ཁུ་ཤི་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་དྲིལ་བསྒྲགས་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་བསམ་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་ཡིག་ཐོག་སྙན་ཞུ་འབུལ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི600ཡོད་པའི་ནང་ལྟེ་བའི་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི370དང་ཕྱིའི་དལ་འགྱུར་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི30མིང་འདོན་བྱས་པ་དེས་སྲུང་སྐྱོང་ཁུལ་ཚང་མ་དང་དེ་བཞིན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་ཁུལ་གྱི་ས་ཆ་ཆ་ཤས་ཚུད་ཡོད་པ་རེད།
     འཛམ་གླིང་རང་བྱུང་ཤུལ་བཞག་གི་ཡིག་ཐོག་སྙན་ཞུ་འབུལ་བའི་གོ་རིམ་ཧ་ཅང་ནན་ལ་འགྲན་རྩོད་ཀྱང་ཆེན་པོ་ཡོད། གཏན་འབེབས་གཞིར་བཟུང་ཆིངས་འཇོག་རྒྱལ་ཁབ་ཀྱིས་ལོ1རིང་ཡིག་ཐོག་སྙན་ཞུ1ལས་འདེམས་བསྐོ་བྱེད་ཆོག་གི་མེད། ཡིག་ཐོག་སྙན་ཞུའི་རིགས་གཅིག་མཁས་པ་ཚོགས་ཆུང་གིས་གྲོས་བསྡུར་བྱས་པ་བརྒྱུད། ཁུ་ཁུ་ཤི་རིའི་ས་གཤིས་ས་དབྱིབས་དང་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པ་དང་། བདག་ཏུ་མ་བཟུང་བའི་རྩ་ཆེའི་སྐྱེ་དངོས་རིགས་ཧ་ཅང་མང་བ། ས་ཆ་དེར་མ་གཏོགས་མེད་པ་དང་མཐོང་དཀོན་པའི་རང་བྱུང་ཡུལ་ལྗོངས་ཀྱི་རྣམ་པ་བཅས་ལྡན་པས། འཛམ་གླིང་རང་བྱུང་ཤུལ་བཞག་གི་ཤུལ་བཞག་སྙན་ཞུའི་ཚད་གཞི་སླེབས་པ་དང་འགྲན་རྩོད་བྱེད་ནུས་ཅུང་ཆེ་བའི་ངོས་འཛིན་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4500ཡན་དུ་གནས་པའི་ཁུ་ཁུ་ཤི་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཙོད་དང་། འབྲོང་། རྐྱང་སོགས་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་སྡོད་བྱེད་ཀྱི་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ས་ཆ་དེར་མཚེའུ་ཆེ་ཆུང་སྣ་ཚོགས7000ལྷག་ཙམ་དང་གནའ་བོའི་འཁྱགས་རོམ255ཡོད་པ་རེད།
     ཚེ་རིང་བསམ་གྲུབ་ཀྱིས“གལ་སྲིད་ཤུལ་བཞག་འདེམས་བསྐོའི་ནང་ཚུད་ཚེ་ཁུ་ཁུ་ཤི་རིའི་སྙན་གྲགས་ཆོད་ཚད་དང་གལ་ཆེའི་རང་བཞིན་སྔར་བས་ཆེ་རུ་འགྲོ་རྒྱུ་མ་ཟད། དོན་དངོས་ནས་བལྟས་ན་སྲུང་སྐྱོང་ཁུལ་གྱི་སྲུང་སྐྱོང་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་འགྲོ་རྒྱུ་རེད” འཛམ་གླིང་གི་ས་མཐོའི་བདག་ཏུ་མ་བཟུང་བའི་སྐྱེ་དངོས་རིགས་ཀྱི་གཞི་རྐྱེན་མཛོད་གལ་ཆེན་ཞིག་ཡིན་པའི་ཁུ་ཁུ་ཤི་རིས་ཚན་རིག་མཁས་ཅན་སྔར་བས་མང་བ་དེ་གར་བསུས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་བ་སྐྱེལ་སྟངས་དང་གནས་སྤོ་བྱེད་སྟངས་སོགས་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་ཞིབ་འཇུག་བྱེད་ཆོག་ཅེས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ9པར་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣ་ཚུད་པའི་རིགས་གཅིག་མཁས་པ་ཁུ་ཁུ་ཤི་རིར་རྣམ་གྲངས་ཞིབ་བཤེར་བྱེད་པར་བསྐྱོད་རྒྱུ་རེད། སྔོན་དཔག་བྱས་ན2017ལོའི་དབྱར་དུས་སུ་ཁུ་ཁུ་ཤི་རིའི་ཤུལ་བཞག་སྙན་ཞུ་དེ་སྐབས41པའི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་མཐའ་མའི་བརྡས་ཐག་གཅོད་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:༄༅།།བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ལོ13བསྟུད་མར་གྲངས་གནས་ གཉིས་ཀྱི་ཐོག་ནས་འཕར་བ།
  • ལེ་ཚན་རྗེས་མ།:གནད་འགག་གི་ཐ་སྙད་ལྔ་ནས2016ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་སྙིང་དོན་གསལ་བཀྲོལ།
  • དོ་སྣང་ཆེ་བའི་རྩོམ།