རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཞི་བཅུ་བ་བསྡུས་པ་མ་ཟད་གསུང་བཤད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་གྲ་སྒྲིག་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཉིས་སྟོང་བཅུ་དྲུག་ལོའི་རྟོག་ཞིབ་བྱ་བའི་བཀོད་སྒྲིག་ལ་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་།
ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་རིམ་མགོ་རྩོམ་པའི་ལོ་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ལས་འགན་སྔར་ལས་དཀའ་ཚེགས་ཆེ་བ་ཞིག་རེད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་བདེ་བླག་ངང་ཚོགས་པར་དོན་སྙིང་གལ་ཆེན་ལྡན། ང་ཚོས་ངེས་པར་དུ་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས། ཆབ་སྲིད་ཀྱི་འདུ་ཤེས་དང་། ཆེ་ཕྱོགས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས་པ་དང་། དྲང་ཕྱོགས་ཀྱི་སྐུལ་ཤུགས་རྒྱུན་འཁྱོངས་བྱེད་པ། དྲང་ཕྱོགས་ནུས་ཚད་གཅིག་བསྡུས་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་དང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཟེར།
ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། གཅིག་ནས་ཡང་དག་པོའི་སྒོ་ནས་གནས་བབ་ཁོང་དུ་ཆུད་པར་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”གཏན་ལ་འབེབ་པ་དང་ལག་བསྟར་བཟང་བོ་བྱེད་པར་དམིགས་ནས་བློ་འདོན་ཇུས་འབུལ་དང་སྟོབས་ཤུགས་འདོན་དགོས། གཉིས་ནས་གྲོས་མོལ་དང་གྲོས་བསྡུར་ཟབ་མོ་བྱེད་པ་དང་། དམངས་གཙོ་ལྟ་སྐུལ་བྱ་བར་ཤུགས་སྣོན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་གནད་དོན་གཙོ་བོར་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན་ཏེ། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། གསུམ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་དྲིལ་སྒྲོག་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་དམིགས་འབེན་ལ་དམ་པོར་དམིགས་པ། དམངས་གཙོ་དང་མཐུན་སྒྲིལ་གྱི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ནས། ཐུན་མོང་གི་འདུ་ཤེས་དང་བློ་གྲོས། སྟོབས་ཤུགས་བཅས་གཅིག་ཏུ་བསྡུ་དགོས། བཞི་ནས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་ནང་དོན་གཟབ་ནན་སྒོས་ལག་བསྟར་བྱེད་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་རྩ་འཛུགས་བྱ་བ་བཟང་བོར་སྒྲུབ་ནས། གྲོས་ཚོགས་དངོས་གཉེར་དང་ཕན་འབྲས་མཐོན་པོས་བསྡུ་བ་དང་། བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར། །