ཞིན་ཧྭ་གསར་འགྱུར་ཁང་གིས2015ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ་བདམས།

        2016-01-25

༄༅།། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཕྱི་འབྲེལ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ།
 2015ལོའི་ཟླ་བ་དང་པོའི་ཚེས8ཉིན་ནས9བར། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ཐུན་མོང་བགྲོས་གླེང་སྐབས་དང་པོའི་མཐོ་རིམ་འགོ་ཁྲིད་ཀྱི་གྲོས་ཚོགས་དེ་པེ་ཅིན་དུ་འཚོགས་ཏེ་ནང་རྐྱེན་འདི་དངོས་སུ་སྤེལ་འགོ་ཚུགས་པར་མཚོན། ལོ་གཅིག་གི་རིང་ལ་ཀྲུང་གོའི་ཕྱི་འབྲེལ་ལ་ཁྱོན་ཡོངས་ནས་ཡར་རྒྱས་བརྩོན་ལེན་བྱས་ཏེ་དགེ་མཚན་ལྡན་པའི་བྱས་རྗེས་ཡོད་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཕྱི་འབྲེལ་འདུ་ཤེས་རབ་དང་རིམ་པ་བཏོན་པར་ཡོངས་ཁྱབ་ཏུ་གཟེངས་བསྟོད་ཐོབ་པས་མ་ཚད།ལམ་གཅིག་རྒྱུད་གཅིག་བརྒྱུད་ཡུལ་གྱི་རྒྱལ་ཁབ་བར་མཉམ་ལས་བྱེད་པ་དང་། ཡ་གླིང་གི་མ་དངུལ་གཏོང་འཇོག་དངུལ་ཁང་བཙུགས་པ་སོགས་གལ་ཆེ་བའི་མཉམ་ལས་བྱ་རྒྱུའི་གྲོས་མོལ་བཏོན་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་སྤྱིའི་ས་ཁུལ་ཀུན་གྱིས་དོ་སྣང་བྱས་པའི་གནད་དོན་ཐག་གཅོད་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།།
༄༅།། ནེ་པ་ལ་ལ་ས་འགུལ་ཆེན་པོ་བྱུང་།
2015ལོའི་ཟླ་བ4པའི་ཚེས25ཉིན། ནེ་པ་ལ་དཀྱིལ་རྒྱུད་ས་ཁུལ་དུ་རིམ་པ8.1ཅན་གྱི་ས་འགུལ་ཆེན་པོ་བྱུང་ནས་མི9000རྐྱེན་དབང་དུ་ཤི་བ་དང་། མི་ཁྲི2.2ལ་རྨས་སྐྱོན་ཐེབས་ཏེ་རྒྱལ་ཡོངས་ཀྱི་གནོད་སྐྱོན་ཐེབས་པའི་མང་ཚོགས་ཁྲི800ལ་བསླེབས་ཏེ་ཧ་ལམ་ནེ་པ་ལའི་མི་གྲངས་བསྡོམས་འབོར་ལས་བཞི་ཆ་གཅིག་བཟུང་བ་རེད། ནེ་པ་ལར་གནོད་སྐྱོན་ཚབས་ཆེན་ཐེབས་རྗེས་ཀྲུང་གོ་འདུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་བྱས་ཏེ་ནེ་པ་ལའི་འགུལ་སྐྱོན་ཐེབས་ཁུལ་དུ་ཕྱིན་ནས་རོགས་སྐྱོབ་དང་ཁྱིམ་གཞི་བསྐྱུར་འཛུགས་ཀྱི་ལས་ཀ་སྤེལ་རོགས་བྱས་པ་རེད།
 ༄༅།། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལས་རྒྱལ་ཁབ་ཐོབ་ནས་ལོ70འཁོར་བར་དྲན་གསོ་ཞུས།
རྒྱལ་སྤྱི་སྤྱི་ཚོགས་ཀྱིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཐུན་མོང་དུ་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལས་རྒྱལ་ཁ་ཐོབ་ནས་ལོ70འཁོར་བར་དྲན་གསོ་ཞུས། 2015ལོའི་ཟླ་བ5པའི་ཚེས5ཉིན། སྐབས69པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འཚོགས་ཏེ་ཧྥ་ཤི་སར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལས་རྒྱལ་ཁ་ཐོབ་ནས་ལོ70འཁོར་བར་དྲན་གསོ་ཞུ་བའི་དམིགས་བསལ་ཚོགས་འདུ་འཚོགས། 2015ལོའི་ཟླ་བ5པའི་ཚེས9ཉིན། ཨུ་རུ་སུའུ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་དམག་འཁྲུག་ལས་རྒྱལ་ཁ་ཐོབ་ནས་ལོ70འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོ་སྤེལ། 2015ལོའི་ཟླ་བ9པའི་ཚེས3ཉིན། ཀྲུང་གོས་ཀྲུང་གོ་མི་དམངས་ཀྱིས་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལས་རྒྱལ་ཁ་ཐོབ་ནས་ལོ70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས།
༄༅།། དབྱི་ལང་གི་ཉིང་རྡུལ་གནད་དོན་ལ་ཕྱོགས་ཡོངས་ནས་གྲོས་མཐུན་བྱུང་།
2015ལོའི་ཟླ་བ7པའི་ཚེས14ཉིན། དབྱི་ལང་གི་ཉིང་རྡུལ་གནད་དོན་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་དྲུག(ཨ་རི་དང་དབྱིན་ཇི། ཧྥ་རན་སེ། ཨུ་རུ་སུའུ། ཀྲུང་གོ། འཇར་མན)གིས་དབྱི་ལང་དང་ལོ་གཉིས་རིང་ལ་གྲོས་མོལ་བྱས་པར་བརྒྱུད། དབྱི་ལང་གི་ཉིང་རྡུལ་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་ཕྱོགས་ཡོངས་ནས་གྲོས་མཐུན་བྱུང་བ་རེད། གྲོས་མཐུན་བྱུང་བ་ལྟར། དབྱི་ལང་གིས་ཉིང་རྡུལ་ཐོན་སྐྱེད་བྱ་རྒྱུའི་འཆར་གཞི་ཁ་ཤས་སྐྱུར་ན་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ད་གཟོད་དབྱི་ལང་ལ་དཔལ་འབྱོར་དང་དངུལ་རྩ་ཐད་བཀག་སྡོམ་བྱེད་པ་དེ་རིམ་བཞིན་མེད་པ་བཟོ་རྒྱུ་རེད།
༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱིས2030་ལོར་རྒྱུན་མཐུད་དུ་འཕེལ་རྒྱས་གཏང་རྒྱུའི་གྲོས་རིམ་ལ་གྲོས་འཆམ་བྱུང་།
2015ལོའི་ཟླ་བ9པའི་ཚེས25ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་གཏོང་བའི་རིམ་པ་མཐོ་ཤོས་ཀྱི་གྲོས་ཚོགས་ཐོག2030ལོའི་རྒྱུན་མཐུད་དུ་འཕེལ་རྒྱས་གཏང་རྒྱུའི་གྲོས་རིམ་ལ་དངོས་སུ་གྲོས་འཆམ་བྱུང་། གྲོས་རིམ་གསར་པའི་ནང་རྒྱུན་མཐུད་དུ་འཕེལ་རྒྱས་གཏང་རྒྱུའི་དམིགས་འབེན17དང་ཞིབ་ཕྲ་དམིགས་འབེན169འདུས་ཡོད། ཕྱིན་ཆད་ཀྱི་ལོ15ཡི་ནང་འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་དང་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་བྱེད་པའི་འགྲོ་ཕྱོགས་ལ་ཁྲིད་སྟོན་བྱེད་ཐུབ་ཅིང་། རྒྱལ་ཁབ་ཁག་གིས་ཀྱང་གྲོས་རིམ་གསར་པ་དེ2030ལོར་སྒོ་ཀུན་ནས་ལག་ལེན་བསྟར་གང་ཐུབ་བྱ་རྒྱུའི་ཁས་ལེན་པ་རེད། ལོ་མང་པོའི་རིང་ལ་ཀྲུང་གོས་འཛམ་གླིང་ཡོངས་སུ་རྒྱུན་མཐུད་དུ་འཕེལ་རྒྱས་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད་པ་རེད།
 ༄༅།། ཡུལ་འཁྱར་པ་འབོར་ཆེན་གྱིས་གླིང་ཆེན་ཡོ་རོབ་ལ་གནོད་བསྐྱལ།
ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཁྱབ་སྤེལ་གཏོང་བའི་ཐེ་གཏོགས་བྱ་སྤྱོད་གསར་པས་ཡ་གླིང་ནུབ་མ་དང་གླིང་ཆེན་ཨ་ཧྥེ་རི་ཁ་བྱང་མ་འདུས་པའི་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ལ་ཟིང་འཁྲུག་སྔར་ལས་ཇེ་ཆེར་ཕྱིན་ནས་ཡུལ་འཁྱར་པ་འབོར་ཆེན་ཕྱིར་བྲོས་དགོས་བྱུང་མཐར།འཛམ་གླིང་དམག་འཁྲུག་ཆེན་པོ་གཉིས་པ་སློང་ཚུན་ཡུལ་འཁྱར་པ་འབོར་ཆེན་གྱིས་གླིང་ཆེན་ཡོ་རབ་ལ་དེ་སྔོན་ཡོད་པའི་ཉེན་མེད་བདེ་འཇགས་དང་། སྤྱི་ཚོགས། དཔལ་འབྱོར་སོགས་ཀྱི་སྒྲིག་ལམ་དང་གཅིག་གྱུར་ཅན་གྱི་འཕེལ་རིམ་ལ་གནོད་བསྐྱལ་བ་རེད།
 ༄༅།། འཛམ་གླིང་ཡོངས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནས་བབ་དྲག་པོར་གྱུར།
2015ལོའི་ཟླ་བ10པའི་ཚེས31ཉིན། ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཨེ་ཅིབ་ཏུ་ལྷུང་ནས་ཐོར་བ་རེད།2015ལོའི་ཟླ་བ11པའི་ཚེས13ཉིན། ཧྥ་རན་སེར་མེ་མདས་དང་འབར་གས་ཀྱི་དོན་རྐྱེན་རབ་དང་རིམ་པ་བྱུང་ཡོད། ན་ནིང་འཇིགས་སྐུལ་པས་ད་རུང་ཁེན་ནེ་ཡ་དང་ཐུ་ནི་སི། ཁུ་ཝེ་ཐེ། ཐུར་ཁེ། མ་ལི། ཨ་རི་སོགས་ས་ཁུལ་དུ་འཇིགས་སྐུལ་གྱི་འཇབ་རྒོལ་བྱས་པའི་དོན་རྐྱེན་བཟོས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀུན་གྱིས་ཁོང་ཁྲོ་སློང་བ་རེད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐེངས་མང་པོར་གྲོས་ཆོད་གྲོས་འཆམ་བྱུང་ནས་འཇིགས་སྐུལ་རྩ་འཛུགས་ལ་རྡུང་རྡེག་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་བླང་བྱ་བཏོན་པ་རེད།
༄༅།། མི་དམངས་ཤོག་སྒོར་ལ་དམིགས་བསལ་གྱི་མ་དངུལ་ལེན་པའི་དབང་ཆ་ཐོབ།
2015ལོའི་པེ་ཅིན་དུས་ཚོད་ཀྱི་ཟླ་བ12པའི་ཚེས1ཉིན། རྒྱལ་སྤྱིའི་དངུལ་ལོར་དངུལ་རྩ་རྩ་འཛུགས་ཀྱི་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོའི་མི་དམངས་ཤོག་སྒོར་དེ་དམིགས་བསལ་གྱི་དངུལ་ལེན་ཆོག་པའི་དབང་ཆ་ཐོབ་པར་ཆོག་མཆན་གནང་། དམིགས་བསལ་གྱི་དངུལ་ལེན་པའི་དབང་ཆ་གསར་པ་དེ2016ལོའི་ཟླ་བ10པའི་ཚེས1ཉིན་དངོས་སུ་གོ་ཆོད་པ་རེད། དེའི་སྐབས་སུ་མི་དམངས་ཤོག་སྒོར་ལ་རང་མོས་བེད་སྤྱོད་བྱེད་ཆོག་པའི་དངུལ་ལོར་ཡིན་པར་གཏན་འཁེལ་བྱས་ཏེ་ཨ་སྒོར་དང་། གླིང་ཆེན་ཡོ་རོབ་མནའ་འབྲེལ་ཚོགས་སྤྱིའི་དངུལ་ལོར། ལྗར་སྒོར། དབྱིན་སྒོར་བཅས་དང་མཉམ་དུ་དམིགས་བསལ་གྱི་མ་དངུལ་ལེན་ཆོག་པའི་དབང་ཆ་ཡོད་པ་རེད།
༄༅།། པ་ལིར་འཚོགས་པའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་གྲོས་ཆོད་གསར་པར་གྲོས་འཆམ་བྱུང་།
2015ལོའི་ཟླ་བ12པའི་ཚེས12ཉིན་གྱི་དགོང་མོར། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་གན》གྱི་འཇོག་མཁན་རྒྱལ་ཁབ200ཉེ་བས་ཧྥ་རན་སེའི་པ་ལིར་མགྲིམ་གཅིག་ཏུ《པ་ལིའི་ཆོད་ཡིག》ལ་གྲོས་འཆམ་བྱས་ཏེ2020ལོའི་རྗེས་སུ་འཛམ་གླིང་ཡོངས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བྱ་སྤྱོད་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་རེད། ཀྲུང་གོས་ཆོད་ཡིག་གྲོས་མཐུན་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་སྟེ་ཕྱོགས་གང་ཐད་ཀྱིས་གདེང་འཇོག་མཐོན་པོ་བྱས་པ་རེད།
༄༅།། ཡ་གླིང་གིས་མ་དངུལ་གཏོང་འཇོག་དངུལ་ཁང་བཙུགས་ཏེ་ཕན་ཚུན་མཐུད་འབྲེལ་བྱེད་པར་སྐུལ་འདེད་བཏང་།
2015ལོའི་ཟླ་བ12པའི་ཚེས25ཉིན། རྒྱལ་ཁབ57གྱིས་ཐུན་མོང་དུ་ཉིན800ལྷག་གི་རིང་ལ་གྲབས་གཤོམ་དང་གྲ་སྒྲིག་བྱས་པའི་ཡ་གླིང་གི་རྨང་གཞི་སྒྲིག་ཆས་མ་དངུལ་གཏོང་འཇོག་དངུལ་ཁང་དེ་དངོས་སུ་བཙུགས། འཛམ་གླིང་ཡོངས་སུ་ཀྲུང་གོས་ཐེངས་དང་པོར་གྲོས་གཞི་བཏོན་ནས་བཙུགས་པའི་ཕྱོགས་མང་པོའི་དངུལ་རྩའི་ལས་ཁུངས་དེ་ཆགས་པ་རེད།ཡ་གླིང་གི་མ་དངུལ་གཏོང་འཇོག་དངུལ་ཁང་བཙུགས་པ་དེ་གླིང་ཆེན་ཨེ་ཤ་ཡའི་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཕན་ཚུན་མཐུད་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས་ས་ཁོངས་ཀྱི་མཉམ་ལས་ཇེ་ཟབ་བྱས་ཏེ་ཐུན་མོང་དུ་གོང་འཕེལ་ཡོང་བའི་རྣམ་པ་མངོན་འགྱུར་བྱ་ཐུབ་རྒྱུ་རེད།།  
  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་སོ་ཏི་ཨ་རབ་དང་ཨེ་ཅིབ། དབྱི་ལང་བཅས་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲིར་ཕེབས།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།