རྒྱ་ཡེ་བཀྲ་བྷོའི《དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》པར་སྐྲུན་འགྲེམ་སྤེལ་བྱས།

    མཚོ་སྔོན་པོ་དྲ་བ།    2015-11-11

རྒྱ་ཡེ་བཀྲ་བྷོའི《དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》པར་སྐྲུན་འགྲེམ་སྤེལ་བྱས།
《རྒྱ་གར་གྱི་རིག་གནས་བོད་ཀྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》།

     སྤྱི་ཟླ11པའི་ཚེས10ཉིན། རྒྱ་ཡེ་བཀྲ་བྷོ་ཡིས་བརྩམས་པའི《རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》ཞེས་པའི་དེབ་འདི་ནི་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།

རྒྱ་ཡེ་བཀྲ་བྷོའི《དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》པར་སྐྲུན་འགྲེམ་སྤེལ་བྱས།

    དཔེ་དེབ་འདི་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་འབུམ་རམས་པའི་ཞིབ་འཇུག་གི་འབྲས་རྟགས་སུ་བརྩམས་པ་ཞིག་ཡིན་ལ། འདིའི་ནང་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་ཀྱི་རིག་གནས་དང་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་གཉི་གས་བོད་ཀྱི་རྩོམ་རིག་ལ་ཤན་ཐེབས་པའི་ཚུལ་ལས་བརྩམས་ཏེ་རྒྱ་གར་དང་བོད་ཀྱི་རིག་གནས་ལ་གཤིབ་བསྡུར་གྱིས་དཔྱད་ཞིབ་བྱས་ཡོད། དེའང་གཙོ་བོ་བྲམ་ཟེའི་རིག་གནས་ཀྱིས་བོད་ཀྱི་རྩོམ་རིག་ལ་ཤན་ཐེབས་པའི་ཚུལ་ལས་བརྩམས་ཏེ་རྒྱ་གར་དང་བོད་ཀྱི་རིག་གནས་ཀྱི་འབྲེལ་བའི་མཐའ་ལ་བརྟགས་པའོ། །

རྒྱ་ཡེ་བཀྲ་བྷོའི《དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》པར་སྐྲུན་འགྲེམ་སྤེལ་བྱས།

ནང་དོན་གནད་བསྡུས།
     དཔྱད་རྩོམ་འདིར་ཁྱོན་ལེའུ་དགུ་དང་། དོན་སྡུད་པ། ཟུར་བཀོད། མཇུག་ཏུ་ཞུ་བའི་གཏམ་བཅས་ཀྱིས་གྲུབ་ཅིང་། ལེའུ་དང་པོར་རྒྱ་གར་གྱི་ཡུལ་དང་། མི་དང་། རིག་གནས་ཀྱི་གནས་ཚུལ་དང་། རྒྱ་གར་གྱི་རིག་གནས་འཛམ་གླིང་དུ་ཇི་ལྟར་དར་བ། རྒྱ་གར་དང་བོད་ཀྱི་གནའ་བོའི་རིག་གནས་ཀྱི་འབྲེལ་བ་བཅས་ཀྱི་ཚུལ་ལས་བརྩམས་ཏེ་གླེང་བསླངས་ཤིང་། དེའི་འཕྲོར་འོང་རྒྱུའི་དཔྱད་བྱ་ལ་འཇུག་པར་རྨིང་བཏིངས། ལེའུ་གཉིས་པ་ནས་ལེའུ་བརྒྱད་པ་སྟེ་བར་གྱི་ལེའུ་བདུན་གྱིས་གཙོ་བོ་གནའ་བོའི་རྒྱ་གར་གྱི་བྲམ་ཟེའི་རིག་གནས་དང་བོད་ཀྱི་རྩོམ་རིག་གི་འབྲེལ་བའི་ཆ་དུ་མ་ལ་ཟུར་མང་པོ་ནས་བརྟག་གཞིག་དང་དཔྱད་ཞིབ་བྱས་ཏེ། རྒྱ་གར་གྱི་བྲམ་ཟེའི་རིག་གནས་ཀྱང་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་དང་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པ་བསྟན། ལེའུ་དགུ་པར་སློབ་དཔོན་རྟ་དབྱངས་དང་ཁོང་པའི་གསུང་གི་འཕྲིན་ལས་བོད་དུ་ཇི་ལྟར་རྒྱས་པའི་སྐོར་ལ་དཔྱད་ཡོད། སློབ་དཔོན་འདི་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི་སྙན་ངག་མཁན་ཡིན་ཞིང་། རྒྱ་གར་གྱི་ནང་པའི་སློབ་དཔོན་ཞིག་ལ་འདི་པ་ལས་ལྷག་པའི་སྙན་ངག་མཁན་མེད་པ་དང་། བོད་ཀྱི་མཁས་པས་མཛད་པའི་སྐྱེས་རབས་དང་། རྣམ་ཐར། བསྟོད་པ། སྙན་ངག་ཆེན་པོ་སོགས་ནི་འདི་པའི་བརྩམས་ཆོས་ཀྱི་འཕྲིན་ལས་བོད་དུ་རྒྱས་པ་ལས་བྱུང་པའི་ཚུལ་ལ་ཞིབ་ཏུ་དཔྱད་པའི་སྒོ་ནས་རྒྱ་གར་གྱི་ནང་པའི་རིག་གནས་དང་བོད་ཀྱི་རྩོམ་རིག་གི་འབྲེལ་བ་ལ་ཞིབ་འཇུག་བྱས་ཡོད།

རྒྱ་ཡེ་བཀྲ་བྷོའི《དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》པར་སྐྲུན་འགྲེམ་སྤེལ་བྱས།

གླེང་གཞི།

     རྒྱ་གར་ནི་འཛམ་གླིང་ཤར་ཕྱོགས་ཀྱི་ཤེས་རིག་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། དེའི་རིག་གནས་ཀྱིས་གནའ་སྔ་མོ་ནས་མཐའ་འཁོར་གྱི་ཡུལ་ལུང་དང་མི་རིགས་མང་པོ་ལ་ཤན་ཆེན་པོ་ཐེབས། རྒྱ་གར་དང་བོད་ཀྱི་བར་དུ་ཧ་ལམ་ལོ་ངོ་ཉིས་སྟོང་ལ་ཉེ་བའི་རིག་གནས་རྒྱུ་འགྲུལ་གྱི་ལོ་རྒྱུས་ཡོད་ཅིང་། ས་བབ་ཀྱིས་ཡུལ་འདི་གཉིས་ལ་རིག་གནས་ཀྱི་རྒྱུ་འགྲུལ་བྱེད་པར་གཞན་ལ་མེད་པའི་མཐུན་རྐྱེན་བསྐྲུན། བོད་ཀྱིས་སྣོད་ནས་སྣོད་དུ་བྱོ་བའི་ཚུལ་དུ་རྒྱ་གར་གྱི་རིག་གནས་སྤྱན་དྲངས་པས། བོད་ཀྱི་རིག་གནས་ཀྱི་རྩ་བའི་ས་བོན་ནི་རྒྱ་གར་གྱི་རིག་གནས་ཡིན་པར་སྨྲ་བཏུབ། སྤྱིར་ཀུན་གྱི་བསམ་ངོ་ལ་བོད་ཀྱིས་རྒྱ་གར་ནས་སྤྱན་དྲངས་པའི་རིག་གནས་ནི་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་ཁོ་ན་ཡིན་པ་ལྟ་བུ་ཞིག་སྣང་མོད། གཟུ་བོས་བློས་དཔྱད་དེ་བདེན་པའི་གཏམ་སྨྲས་ན། བོད་དུ་སླེབས་པའི་རྒྱ་གར་གྱི་རིག་གནས་ལ་ནང་པ་སངས་རྒྱས་ཀྱི་རིག་གནས་དང་ཕྱི་རོལ་བྲམ་ཟེའི་རིག་གནས་ཏེ། རིག་གནས་ཀྱི་རྒྱུན་མི་འདྲ་བ་གཉིས་ཡོད་པ་ནི་བསྙོན་དུ་མི་ནུས་སོ། །

རྒྱ་ཡེ་བཀྲ་བྷོའི《དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》པར་སྐྲུན་འགྲེམ་སྤེལ་བྱས།
གཞུང་དངོས།

འོས་སྦྱོར།
     བོད་ཀྱི་མཁས་དབང་རིམ་བྱོན་རྣམས་ཀྱིས་མཛད་པའི་ཆོས་འབྱུང་ལོ་རྒྱུས་སོགས་ཀྱི་བསྟན་བཅོས་དག་ལས། བོད་དང་རྒྱ་གར་གྱི་རིག་གནས་ལོ་རྒྱུས་སྐོར་ལ་ངེས་པར་དུ་བཀླག་འོས་པའི་བསྟན་བཅོས་གསུམ་བགྲང་དགོས་ཚེ། ཇོ་ནང་ཏཱ་ར་ནཱ་ཐའི《རྒྱ་གར་ཆོས་འབྱུང》དང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི《གཏམ་རྒྱུད་གསེར་ཐང》དང《 དཔྱོད་ལྡན་ཡིད་དགའ》འདི་གསུམ་བརྩི་འོས་སོ། །

རྒྱ་ཡེ་བཀྲ་བྷོའི《དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》པར་སྐྲུན་འགྲེམ་སྤེལ་བྱས།
དཔེ་དེབ་ཏུ་བཀོད་པའི་ས་ཁྲ།

པར་སྒྲིག་ཇུས་འགོད།
     སྤྱིར་དེབ་འདི་ཉིད་ཀྱི་བརྗོད་བྱ་དོན་གྱི་ཟབ་ཁྱད་དང་རྗོད་བྱེད་ཚིག་གི་སྡེབ་སྦྱོར་ཧ་ཅང་ལེགས་པོ་ཐོན་པའི་ཐོག  དེབ་འདིའི་ཕྱིའི་དེབ་ཚད་རྒྱབ་ཤོག་ནས་ནང་གི་པར་སྒྲིག་ཞུས་དག་གི་རིམ་པ་དང་བཅས་པ་ལ་ཞིབ་ཆ་ཆུ་ཐུབ་བྱས་པའི་ཚུལ་ནི། ཡིག་གཟུགས་ཆེ་ཆུང་དང་ཚེག་བར། ཐིག་ཕྲེང་ཕབ་སྟངས། མཆན་བུ་འདོགས་སྟངས། ལུང་ཚིག་འགོད་ཚུལ་བཅས་ཀློག་པ་པོར་སྐྱོར་ཀློག་གཟིགས་ཞིབ་ཅི་བདེ་བྱས་ཡོད་པས་ཀློག་པའི་ངལ་བ་མི་སྟེར་ཞིང་། ཚེག་ཤད་ཀྱི་ཐོབ་ཐང་དང་བཅས་པ་སྡེ་དགེ་པར་མ་སོགས་གནའ་བོའི་ཚད་ལྡན་གྱི་གཞུང་ཇི་ལྟར་བཅོས་ནས་ཞུས་དག་སྤུ་རིས་ཐོན་ཡོད་ཅིང་ཤོག་སྣག་པར་སྤྱིན་ལ་སོགས་རྒྱུ་གཙང་སྤུན་གཙང་དང་ཚད་ཐུབ་འབའ་ཞིག་གིས་བྱས་ཡོད་དོ། །

རྒྱ་ཡེ་བཀྲ་བྷོའི《དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》པར་སྐྲུན་འགྲེམ་སྤེལ་བྱས།
རྒྱ་ཡེ་བཀྲ་བྷོ།

     རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ།

  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་གིས་བོད་སྐྱོར་ལས་བྱེད་པས་སློབ་གསོའི་དམངས་ཕན་སྲིད་ཇུས་ཀྱི་ཆེད་དོན་སྒྲོག་འགྲེལ་སྤེལ།
  • ལེ་ཚན་རྗེས་མ།:སྐབས་དང་པོའི་ལྷ་སའི་ཡིག་གཟུགས་བརྐོས་རིས་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱེད་སྒོ་ལྷ་ས་ནས་སྤེལ།
  • དོ་སྣང་ཆེ་བའི་རྩོམ།