མཚོ་སྔོན་བོད་སྐད་རྒྱང་སྒྲོག 2015-11-11
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཚེས་དགུ་ཉིན་གྱི་སྔ་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་གཏན་འཁེལ་བྱེད་པའི་སྐོར་གྱི་གྲོས་གཞི་ནི་རང་རྒྱལ་གྱི་བཅོས་སྒྱུར་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། རང་རྒྱལ་གྱི་ད་ལྟའི་བར་གྱི་འཕེལ་རྒྱས་ལས་འཕེལ་རྒྱས་དང་བཅོས་སྒྱུར་ཚད་མཐོན་པོས་མཉམ་བསྲེས་བྱེད་པ་དང་། འཕེལ་རྒྱས་གོམ་གང་མདུན་དུ་སྐྱོད་ན་བཅོས་སྒྱུར་གོམ་གང་མདུན་དུ་སྐྱོད་དགོས་པ་དང་བཅོས་སྒྱུར་མུ་མཐུད་དུ་མདུན་དུ་སྐྱོད་ཚེ་འཕེལ་རྒྱས་ལའང་སྟོབས་དང་ལྡན་པའི་སྒུལ་ཤུགས་འདོན་སྤྲོད་བྱེད་ཐུབ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བཅོས་སྒྱུར་གྱི་བརྒལ་གཏོར་རང་བཞིན་དང་མཛུབ་སྟོན་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་བཅོས་སྒྱུར་འགུལ་སྐྱོད་ནུས་པ་ཇེ་ཆེར་གཏོང་དགོས་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་ཚད་ལྡན་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་པར་མ་ཟད་བཅོས་སྒྱུར་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་བཅོས་སྒྱུར་ཚོད་ལྟའི་ཇུས་གཞི་དང་ཧྲང་ཧེ་གྲོང་ཁྱེར་གྱི་ཚོགས་པའི་བཅོས་སྒྱུར་ཚོད་ལྟའི་ཇུས་གཞི། ཁྲུང་ཆིན་གྲོང་ཁྱེར་གྱི་ཚོགས་པའི་བཅོས་སྒྱུར་ཚོད་ལྟའི་ཇུས་གཞི། རང་མོས་ཉོ་ཚོང་ས་ཁུལ་འཐབ་ཇུས་མྱུར་དུ་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར་འགའ། ལས་སྣོན་ཉོ་ཚོང་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགའ། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་ཕྱོགས་ཡོངས་ལ་ཕན་པའི་དངུལ་ལོར་འཕེལ་རྒྱས་འཆར་འགོད། གྲོང་ཁྱེར་གྱི་ཁྲིམས་སྐྱོང་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དོ་དམ་བྱ་བ་ལེགས་སྒྱུར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར། རྒྱལ་ཁབ་མཐོ་རིམ་རིག་མཛོད་འཛུགས་སྐྲུན་ཚོད་ལྟའི་བྱ་བའི་གྲོས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་པའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་ན་ངེས་པར་དུ་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་སྲུང་འཛིན་དང་ཇེ་དྲག་ཏུ་གཏོང་བ་དེར་དམིགས་ཏེ། གནད་དོན་འདུ་ཤེས་དང་བཅོས་སྒྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། འབུར་ཐོན་གནད་དོན་ཐག་བཅད་ནས་མང་ཚོགས་ཀྱི་ཚོགས་པ་དང་རྩ་འཛུགས་འཛུགས་སྐྲུན་ལ་སྔར་ལས་གསོན་ཤུགས་ལྡན་པ་དང་སྔར་ལས་སྟོབས་ལྡན་དུ་གཏོང་དགོས། མང་ཚོགས་ཚོགས་པ་དང་རྩ་འཛུགས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མང་ཚོགས་ཚོགས་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་དགོས་པ་དང་། ཏང་གིས་མང་ཚོགས་ཚོགས་པའི་བྱ་བར་གཅིག་གྱུར་སྒོས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། རང་རྟོགས་སྒོས་ཏང་གི་མགོ་ཁྲིད་དང་ལེན་བྱེད་པ་དང་མཐུན་སྒྲིལ་བྱས་ནས་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པ། ཁྲིམས་དང་སྒྲིག་ཡིག་ལྟར་བྱ་བ་སྒྲུབ་པ་བཅས་གཅིག་གྱུར་བྱས་ཏེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་གཅིག་གྱུར་བྱེད་པ་སྲུང་འཛིན་བྱེད་དགོས། ཏང་ལ་དཀའ་ཁག་སེལ་རོགས་དང་དམངས་ལ་ཁེ་ཕན་སྐྲུན་པ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་ལྟར་བྱ་བ་སྒྲུབ་པ་དང་བཅོས་སྒྱུར་ཟབ་སྤེལ་ཏེ། གཞི་རིམ་ལ་ཁ་ཕྱོགས་པ་དང་ལས་ཁུངས་ཀྱི་སྒྲིག་ཆས་དང་དོ་དམ་རྣམ་པ། འཁོར་སྐྱོད་ནང་རྐྱེན་བཅས་ལ་བཅོས་སྒྱུར་དང་ལེགས་སྒྱུར་བྱེད་དགོས་པར་མ་ཟད། སྟོབས་ཤུགས་སྒྲིག་སྦྱོར་དང་ཞབས་ཕྱིའི་ཐོན་ཁུངས་དེ་གཙོ་བོ་གཞི་རིམ་དུ་ཁ་ཕྱོགས་པ་རྒྱུན་འཁྱོངས་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་བཏོན་པའི་གསར་སྐྲུན་དང་མཐུན་སྦྱོར། ལྷད་མེད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པའི་བཅོས་སྒྱུར་ཆེན་པོ་ཞིག་ཡིན། བཅོས་སྒྱུར་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པར་དམིགས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་ཕན་པའི་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། གསར་སྐྲུན་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས། ལྷད་མེད་འཕེལ་རྒྱས། སྒོ་འབྱེད་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་ལ་ཕན་པའི་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་བ། ཐོན་ཁུངས་སྒྲིག་སྦྱོར་ཕན་འབྲས་ཇེ་མཐོར་གཏོང་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་ཕན་པའི་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་བ། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་བར་ཕན་པའི་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་ལ་མྱུར་དུ་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཐག་གཅོད་པ་དང་འཕེལ་རྒྱས་དོ་མཉམ་མིན་པ། མི་དང་རང་བྱུང་འཆམ་མཐུན་ཡོང་བ། འཕེལ་རྒྱས་ཀྱི་ཕྱི་ནང་མཉམ་འབྲེལ་བྱེད་པ། སྤྱི་ཚོགས་འདྲ་མཉམ་དྲང་བདེན་སོགས་ཕྱོགས་སུ་ནུས་ལྡན་བྱེད་ཐབས་འདོན་པ་དང་དཀའ་གནད་ཐག་གཅོད་པ། ནང་རྐྱེན་བཙུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་སྟོབས་དང་ལྡན་པའི་ལམ་ལུགས་འགན་སྲུང་ཆགས་པར་བྱེད་དགོས་ཟེར།
ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཚང་མ་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཧྲང་ཧེ་གྲོང་ཁྱེར། ཁྲུང་ཆིན་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བ་གྲོས་ཚོགས་ལ་ཟུར་ཞུགས་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10