ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས།

        2015-11-02

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚང་འཛོམས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བཞིན་པ།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དེ་2015ལོའི་ཟླ་བ་10པའི་ཚེས་26ཉིན་ནས་ཚེས་29ཉིན་བར་པེ་ཅིང་དུ་འཚོགས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཨུ་ཡོན་199དང་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་156ཞུགས་ཡོད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད་ཅིང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་རིགས་གཅིག་མཁས་པ་དང་ཆེད་རམས་པ་ཁ་ཤས་ཀྱང་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚང་འཛོམས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས།
ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་བཞིན་པ།

ཚང་འཛོམས་གྲོས་ཚོགས་སྟེང་དུ་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངག་བཅོལ་ལྟར་གནང་བའི་ལས་ཀའི་སྐོར་གྱི་སྙན་ཞུར་གསན་པ་དང་གྲོས་བསྡུར་བྱས། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི།》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞི་ཅིན་ཕིང་གིས་《གྲོས་གཞི།(གྲོས་བསྡུར་མ་ཟིན།)》སྐོར་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་།ཚང་འཛོམས་གྲོས་ཚོགས་ཐོག་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་བར་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་དྲུག་བརྩི་སྲུང་བྱེད་དགོས་པ་སྟེ། མི་དམངས་ཀྱི་གཙོ་ཤུགས་གོ་གནས་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏང་རྒྱུ་མཐའ་འཁྱོངས། བསྒྱུར་བཅོས་ཟབ་སྤེལ་གཏང་རྒྱུ་མཐའ་འཁྱོངས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས། རྒྱལ་སྤྱི་དང་རྒྱལ་ནང་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱེད་རྒྱུ་མཐའ་འཁྱོངས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བཅས་བྱེད་དགོས་ཞེས་ནན་བཤད་བྱས།  ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ལིའུ་ཞའོ་ཁའེ་དང་། ཁྲེན་ཀྲི་རུང་། ཅིན་ཀྲེན་ཅི་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་རིམ་གསབ་བྱེད་རྒྱུའི་གྲོས་ཐག་བཅད། ཚང་འཛོམས་གྲོས་ཚོགས་ཐོག་ལིན་ཅི་ཧྭ་དང་། ཀྲོའུ་པིན་ཧྲུན། དབྱང་ཏུང་ལིའང་། ཀྲུའུ་མིང་ཀུའོ། ཝང་མིན། ཁྲེན་ཁྲོན་ཕིང་། ཁྲོའུ་ཧོ། དབྱང་ཝེ་ཙེ། ཕན་དབྱི་དབྱང་། ཡུས་ཡོན་ཧུའེ་བཅས་ཀྱིས་སྒྲིག་ལམ་ཚབས་ཆེན་འགལ་བའི་གནད་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེ་སྔོན་ལིན་ཅི་ཧྭ་དང་། ཀྲོའུ་པིན་ཧྲུན། དབྱང་ཏུང་ལིའང་། ཀྲུའུ་མིང་ཀུའོ། ཝང་མིན། ཁྲེན་ཁྲོན་ཕིང་། ཁྲོའུ་ཧོ། དབྱང་ཝེ་ཙེ། ཕན་དབྱི་དབྱང་། ཡུས་ཡོན་ཧུའེ་བཅས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་བའི་ཆད་པ་བཅད་པར་དངོས་སུ་ཁས་ལེན་བྱས།ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སེམས་ཤུགས་གཅིག་མཐུན་དང་། དཀའ་སྤྱད་འབད་འཐབ་གྱིས་ཐུན་མོང་ཐོག་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་གྱི་རྒྱལ་ཁ་རླབས་པོ་ཆེ་ཐོབ་པར་བརྩོན་ལེན་བྱེད་དགོས་ཞེས་འབོད་སྐུལ་བཏང་།།
 
 

  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་ཧོ་ལན་གྱི་རྒྱལ་པོར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།