ཞི་ཅིན་ཕིང་གིས་ཀྲུང་ཨའི་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་ཆེ་རུ་བཏང་ནས་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས་ཞེས་ནན་བཤད་གནང་།
བོད་ལྗོངས་ཉིན་རེའི་ཚགས་པར་ནས་དྲངས། 2015-10-08
མི་དམངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ་བ9པའི་ཚེས24ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝ་ཧྲིང་ཏོན་གྱི་པུའུ་ལེའར་རྒྱལ་མགྲོན་ཁང་དུ་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་ཀྲུང་ཨའི་གཙོ་བདག་གི་མཇལ་འཛོམས་གནང་བ་རེད།
ཚེས24ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་ཨ་རིའི་རྒྱལ་ས་ཝ་ཧྲིང་ཏོན་དུ་འབྱོར་མ་ཐག་ཨའོ་པ་མའི་གདན་ཞུས་ལྟར་ཕོ་བྲང་དཀར་པོར་ཕེབས་པ་རེད། ཨའོ་པ་མས་སྒོ་རྩར་སྤྲོ་སེམས་འཁོལ་བའི་ངང་བསུ་མ་མཛད་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ཞབས་ཐང་པིན་ཤིས་ཧྥ་ཉི་ཡའི་ཁྲོམ་གཞུང་བརྒྱུད་ནས་མར་པུའུ་ལེའར་རྒྱལ་མགྲོན་ཁང་དུ་ཕེབས་པ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ཕེབས་ཞོར་དུ་བཀའ་མོལ་གནང་བ་དང་ཨའོ་པ་མས་ཞི་ཅིན་ཕིང་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་གནང་བ་རེད། ཞི་ཅིན་ཕིང་ཨ་རིར་རྒྱལ་དོན་འཚམས་འདྲིར་ཕེབས་པར་ཧ་ཅང་དགའ་པོ་བྱུང་། རང་ཉིད་ཤིས་ཡ་ཐུའུ་རུ་སྐྱིད་པོ་བྱུང་ལ་ཕན་འབྲས་ཀྱང་ཐོན་སོང་། ཝ་ཧྲིང་ཏོན་དུ་རྒྱལ་དོན་བྱེད་སྒོ་སྤེལ་བ་བརྒྱུད་ཁྱེད་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཕྱོགས་གཉིས་པོས་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་གནད་དོན་སྐོར་བསམ་འཆར་སྤེལ་རེས་གཏིང་ཟབ་གནང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ་ཐུན་མོང་གི་ངོས་འཛིན་དང་ཕན་འབྲས་སྔར་བས་མང་བ་ཐོབ་རྒྱུའི་བརྩོན་ལེན་ཡང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་མཇལ་མཛོད་ཆུ་ཚོད་གསུམ་གནང་སྟེ་རྒྱལ་སྲིད་སྐྱོང་ལུགས་དང་ཀྲུང་ཨའི་འབྲེལ་བ་སོགས་ཐུན་མོང་ཐོག་སེམས་ཁུར་གནང་བའི་གནད་དོན་གལ་ཆེན་ཐད་དགོངས་འཆར་སྤེལ་རེས་གཏིང་ཟབ་གནང་བ་རེད། ཨ་རིའི་ཙུང་ཐུང་གཞོན་པ་པའེ་ཏེང་དང་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་སོགས་ཨ་རི་ཕྱོགས་ཀྱི་དཔོན་རིགས་མཇལ་འཛོམས་གནང་སར་ཞུགས་པ་རེད།ཞི་ཅིན་ཕིང་གིས2013ལོའི་ཟླ་བ་དྲུག་པར་ང་ཚོ་ཨན་ན་པོ་ཀེ་གཞིས་ཀར་ཐུག་འཕྲད་བྱེད་སྐབས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུའི་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ན་ནིང་ལོའི་ཟླ་བ་བཅུ་གཅིག་པར་ཁྱེད་རང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་སྐབས་ང་ཚོ་དབྱིན་ཐའེ་རུ་སླར་ཡང་གླེང་མོལ་ཡག་པོ་བྱས་ཡོད། སྦྲེལ་མཐུད་གཏིང་ཟབ་དེ་འདྲ་བྱས་ཚེ་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱ་རྒྱུ་དང་སྒུལ་ཤུགས་སྣོན་རྒྱུར་ཕན་པ་ཡོད་ཅེས་གསུངས་པ་རེད།ཞི་ཅིན་ཕིང་གིས་བཅོས་བསྒྱུར་སྒོ་ཕྱེ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཤིག་ཡིན་ལ།ཕྱིན་ཆད་ཀྲུང་གོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སའི་རྩ་བའི་སྒུལ་ཤུགས་ཤིག་ཀྱང་ཡིན་པ་རེད། ཀྲུང་གོའི་སྒོ་ཕྱེ་བའི་རྒྱལ་སྒོ་དེ་ནམ་ཡང་རྒྱག་མི་སྲིད་པས་ཕྱིན་ཆད་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོར་མ་དངུལ་གཏོང་འཇོག་བྱས་ནས་ལས་གཏོད་བྱེད་པར་ཡོང་བར་སྔར་བས་སྒོ་ཕྱེ་དང་། གུ་ཡངས། ཁ་གསལ་བཅས་ཀྱི་ཁོར་ཡུག་ཅིག་འཛུགས་སྐྱོང་བྱེད་ངེས་ཡིན། ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་དེ་ཀྲུང་གོའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པ་དང་ང་ཚོས་ལོ་རྒྱུས་དང་། དངོས་ཡོད། མ་འོངས་པ་བཅས་ལ་ཕྱི་རོལ་ཡུལ་དང་མཐུན་པའི་བརྡར་ཤ་བཅད་པ་ལས་བྱུང་བའི་བསྡོམས་ཚིག་ཅིག་རེད། དུས་མཚུངས་སུ་ང་ཚོས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་དགོས་པའི་ནན་གསུང་གནང་བ་རེད།ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ད་ལྟའི་རྒྱལ་སྤྱིའི་མ་ལག་ནང་ཞུགས་མཁན་དང་། འཛུགས་སྐྲུན་པ། ལེགས་སྐྱེས་འབུལ་མཁན་བཅས་ཡིན་པ་དང་དུས་མཚུངས་སུ་ཁེ་ཕན་ཐོབ་མཁན་ཡང་ཡིན། ད་ལྟའི་རྒྱལ་སྤྱིའི་མ་ལག་བཅོས་བསྒྱུར་བྱེད་པ་དང་ལེགས་སུ་གཏོང་བའི་དམིགས་ཡུལ་ནི་སྔ་བསྐྱུར་གསར་འཛུགས་མིན་པར་དེ་སྔར་བས་དྲང་བཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་ཆེད་རེད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་ཆས་མ་དངུལ་གཏོང་འཇོག་དངུལ་ཁང་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དེ་སྒོ་ཕྱེ་དང་། ཁ་གསལ། བཟོད་སྒོམ་བཅས་ཡིན་པར་བརྟེན།འབྲེལ་ཡོད་རྒྱལ་ཁབ་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ལས་ཞུགས་མང་དུ་གཏོང་བ། དབུལ་པོ་ཉུང་དུ་གཏོང་བ་བཅས་བྱེད་པར་ཕན་པ་ཡོད་པས་ཨ་རི་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།ཨའོ་པ་མས་ཀྲུང་གོ་ཞི་བདེའི་ངང་དར་རྒྱས་འགྲོ་བར་ཨ་རིས་དགའ་བསུ་ཞུ་རྒྱུ་ཡིན། བརྟན་ལྷིང་དང་དར་རྒྱས་ཀྱི་ཀྲུང་གོ་དེ་ཀྲུང་གོ་མི་དམངས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད་ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་དང་ཡང་མཐུན་ཡོད། ཨ་ཀྲུང་གིས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་གྲུབ་འབྲས་ཐོབ་པའི་ངང་མཉམ་ལས་བྱས་པ་དང་གླིང་ཆེན་ཨ་ཧྥེ་རི་ཁས་ཨའེ་པོ་ལ་རིམས་ནད་འགོག་རྒོལ་བྱེད་རོགས་བྱས་ཡོད། དེ་དག་ཚང་མ་ནི་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་སའི་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པའི་དཔེར་འོས་ཤིག་རེད། འཛམ་གླིང་དེ་སྣ་མང་ཅན་དུ་སྐྱོད་བཞིན་ཡོད་པ་དང་རྒྱལ་སྤྱིའི་མ་ལག་ནང་ཀྲུང་གོ་སོགས་གསར་དར་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་མཚོན་བྱེད་རང་བཞིན་མཐོ་རུ་འགྲོ་དགོས། ཨ་རིས་ཀྲུང་གོས་འཛམ་གླིང་ཐོག་གལ་འགངས་སྔར་བས་ཆེ་བའི་ནུས་པ་འདོན་སྤེལ་ཐུབ་རེ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།ཞི་ཅིན་ཕིང་གིས་ཀྲུང་ཨས་མཐོ་རིམ་གྱི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་དགོས། ངས་ཞི་བདེ་རྒྱ་མཚོ་ཆེ་མོ་ཆེན་པོ་ཡོད་པས་ཀྲུང་ཨའི་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཤོང་ཐུབ་ཅེས་ཐེངས་མང་བཤད་མྱོང་། ཀྲུང་ཨ་གཉིས་ཕན་ཚུན་གདོང་ཐུག་དང་འགྲན་རྒོལ་མི་བྱེད་པ་དང་། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཁེ་བཅས་བྱ་རྒྱུ་དེ་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྔོན་འཛིན་ཁ་ཕྱོགས་ཤིག་རེད། ང་ཚོ་ཨན་ན་པོ་ཀེ་གཞིས་ཀར་ཐུག་འཕྲད་བྱས་པ་ནས་བཟུང་ཀྲུང་ཨའི་འབྲེལ་བར་དགེ་མཚན་ལྡན་པའི་ཡར་རྒྱས་བྱུང་ཡོད། ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་མ་དངུལ་འཇོག་པའི་གྲོས་ཆོད་ཀྱི་གྲོས་མོལ་བྱེད་འགོ་ཚུགས་པ་དང་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་དང་ཕན་ཚུན་མ་དངུལ་འཇོག་བྱས་ཚད་ན་ནིང་ལོར་སླར་ཡང་ཟིན་ཐོ་གསར་པ་གཏོད་ཡོད། ཕྱོགས་གཉིས་པོས་དམག་གཉིས་བར་གྱི་ཕན་ཚུན་ཡིད་ཆེས་ཀྱི་ལམ་སྲོལ་གཉིས་བཟོས་པ་དང་། འཐུས་མཆན་བཀོད་པའི་གཉིས་ཕན་བཀོད་སྒྲིག་བྱས་པ། གནམ་གཤིས་འགྱུར་ལྡོག་གི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ། ལག་གདང་སྦྲེལ་ནས་གླིང་ཆེན་ཨ་ཧྥེ་རི་ཁ་ནུབ་མའི་ཨའེ་པོ་ལ་རིམས་ནད་ལ་ཁ་གཏད་བཅག་པ། དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་ཕྱོགས་ཡོངས་ཀྱི་གྲོས་ཆོད་བཞག་པར་མཉམ་ལས་ཐོག་སྐུལ་འདེད་བཏང་བ་བཅས་བྱས་ཡོད། གྲུབ་འབྲས་དེ་དག་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་པ་དེར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་དགའ་བསུ་ཐོབ་པ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་དགའ་བསུ་ཡང་ཐོབ་ཡོད་ཅེས་ནན་བཤད་གནང་བ་རེད།རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཚེས་25ཉིན་གྲོས་མོལ་གནང་ནས་དགོངས་འཆར་སྔར་བས་སྤེལ་རེས་གནང་བ་རེད།