ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན་གྱི་སྔ་དྲོ་ཀྲུང་དབྱང་མི་རིགས་ལས་བྱེད་སློབ་གླིང་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་མཛུབ་ཁྲིདཨུ་ཡོན་ལྷན་ཁང་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་གཙོ་གཉེར་དང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང(རྩོམ་སྒྱུར་ཅུས)གིས་གཉེར་འགན་ཁུར་བའི་ལྗོངས་ཡོངས་ཀྱི་རྒྱ་བོད“སྐད་ཡིག་གཉིས”ཡིག་སྒྱུར་གསོ་སྦྱོང་འཛིན་གྲྭ་ལྷ་སར་འགོ་ཚུགས་ཞིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་དོན་གྲུབ་དབང་འབུམ་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་དང་འབྲེལ་སློབ་ཚན་ཀྱང་ཁྲིད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་སྐལ་བཟང་ཚེ་རིང་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།
གསོ་སྦྱོང་ཐོག་ད་ཕན་ལོ་ཤས་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་མི་རིགས་ལས་བྱེད་སློབ་གླིང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་རང་ལྗོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་ལས་དོན་གྱི་མཛད་ཕྱོགས་དང་སྲིད་ཇུས་ནན་ཏན་ངང་ལག་ལེན་བསྟར་བ་དང་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐད་ནུས་པ་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་ནས་སྤྱི་ཚོགས་ཐོག་སྐད་ཡིག་སྤྱོད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་བོད་སྐད་ཡིག་རྒྱ་ཁྱབ་ཏུ་སྤྱོད་རྒྱུར་སྐུལ་མ་ནུས་ལྡན་ཐེབས་པ་དང་། བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་ལེགས་པར་བཏང་བ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བ་བཅས་ཀྱི་དོན་དུ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ད་རེས་གསོ་སྦྱོང་དུས་ཡུན་ཉིན15ཡིན་པ་དང་ལྗོངས་ཡོངས་ཀྱི་གཞི་རིམ་ལས་བྱེད100ཙམ་གྱིས《ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་དང་མི་རིགས་སྐད་ཡིག》དང་། ཀྲུང་དབྱང་གི་མི་རིགས་ཚོགས་འདུའི་དགོངས་དོན། རྒྱ་བོད་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས། རྒྱ་བོད་ཡིག་སྒྱུར་གྱི་ལག་ལེན། དེང་རབས་རྒྱའི་སྐད་ཡིག་སོགས་ཀྱི་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱ་རྒྱུ་རེད། གསོ་སྦྱོང་ནང་སློབ་མ་ཡོངས་ཀྱིས་ནན་ཏན་ངང་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ་བོད་ཀྱི་དོན་དངོས་དང་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཡིག་སྒྱུར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལེགས་པར་བྱེད་པ་དང་། སྤེལ་རེས་དང་གྲོས་བསྡུར་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཡིག་སྒྱུར་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་བླང་བྱ་བཏོན་པ་རེད། །