དབང་ཡང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཤུགས་ཆེར་གཏོང་བའི་བརྟག་ཞིབ་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུར་ཞུགས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-06-22

སྤྱི་ཚེས་16ཉིན་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་པེ་ཅིང་དུ་བརྟག་ཞིབ་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཏང་ཤོག་དང་ཚོགས་པས་སྤེལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བའི་བརྟག་ཞིབ་གྲུབ་འབྲས་ཐད་གྲོས་མོལ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་ཡང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 

དབང་ཡང་གིས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཀྲུང་གུང་ཀྲུང་དབྱང་གིས་གྲོས་ཞིབ་དང་ཆོག་མཆན་སྤྲད་པའི་སྤྱི་ལོ་2021ལོའི་སྲིད་ཏང་གྲོས་མོལ་གྱི་གྲོས་གཞི་གལ་ཆེན་ཞིག་ཀྱང་རེད། ཏང་ཤོག་ཚོགས་པ་ཁག་གིས་བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་གྱི་གྲུབ་འབྲས་བེད་ཡག་པོ་སྤྱོད་པ་དང་། བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་སྔར་ལས་འཐུས་ཚང་དུ་བཏང་ནས་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཏང་ཤོག་ཁག་དང་ཚོགས་པ་ཁག་གིས་ཤེས་ལྡན་པ་འཛོམས་ཤིང་བློ་རིག་གཅིག་ཏུ་བསྡུས་པའི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ལྡན་པའི་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་ཆེད་བློ་རིགས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། འབྲེལ་ཡོད་ཕྱོགས་ཀྱིས་བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་བཞུགས་མོལ་ཚོགས་འདུའི་གོ་རིམ་དང་བྱེད་སྟངས་སྔར་བས་ལེགས་བཅོས་དང་འཐུས་ཚང་དུ་བཏང་ནས། གྲོས་མོལ་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་དགེ་མཚན་སྔར་བས་ལེགས་པར་མཚོན་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་ཐོག་བརྟག་ཞིབ་ཀྱི་གྲུབ་འབྲས་ངོ་སྤྲོད་གནང་བ་རེད། ཚང་མས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ལ་ཤུགས་ཆེར་གཏོང་རྒྱུའི་ཐད་དངོས་གཉེར་དང་ལྷག་བསམ་དག་པའི་སྲིད་ཇུས་ཀྱི་གྲོས་འགོ་བཏོན་གནང་བ་རེད། 

རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་པུའུ། ཚན་རྩལ་པུའུ། ཁྲིམས་འཛིན་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུད་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཏང་ཕྱིའི་མི་སྣ་དང་ཕན་ཚུན་སྤེལ་རེས་གནང་ཡོད་པ་རེད།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རང་རྒྱལ་གྱི་མེ་གློག་དང་། ཉིང་གློག རླུང་གློག་བཅས་ཀྱི་གློག་གཏོང་ཚད་དེ་འཕར་སྣོན་ཅུང་མགྱོགས་ཙམ་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བཤད་
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས“‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི’ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན”ལ་གཟིགས་སྐོར་གནང་།
  • དོ་སྣང་ཆེ་བའི་རྩོམ།