བོད་ལྗོངས་ནུབ་རྒྱུད་ཀྱི་གསར་རྙེད་བང་སོ་ཚོམ་བུར་ལོ་ངོ1700ལྷག་གི་མུ་འབྲེལ་ལོ་རྒྱུས་ལྡན།

ཚེ་རིང་དོན་གྲུབ་ཀྱིས་བསྒྱུར        2021-04-20

སི་ཁྲོན་སློབ་ཆེན་གྱི་གནའ་དཔྱད་ཆེད་མཁས་པས་ཚེས18ཉིན་ལྷ་ས་ནས་བསྟན་དོན། ཚོད་དཔག་ལྟར་ན། བོད་ལྗོངས་ནུབ་རྒྱུད་ཀྱི་ཕྱི་དབང་དུང་དཀར་གནའ་ཤུལ་ཚོགས་ལས་རྙེད་བའི་བང་སོའི་ཚོམ་བུའི་ལོ་རྒྱུས་དེ་སྤྱི་ལོ་སྔོན་གྱི་དུས་རབས7པའི་བར་རིགས་འདེད་ཐུབ་ཅིང་། དེར་བང་སོའི་རིག་གནས་འཕེལ་རྒྱས་བྱུང་རིམ་དང་ལོ་རབས་སྒྲོམ་གཞིར་ལོ་ངོ1700ལྷག་གི་མུ་འབྲེལ་ལོ་རྒྱུས་ལྡན། 

2020ལོའི་བོད་ལྗོངས་རིག་དངོས་གནའ་དཔྱད་གྲུབ་འབྲས་མཉམ་སྤྱོད་སྙན་ཞུ་ཚོགས་འདུ་ཚེས17ཉིན་ནས་ཚེས19ཉིན་བར་ལྷ་ས་ནས་བསྡུས། སི་ཁྲོན་སློབ་ཆེན་གྱི་གནའ་དཔྱད་རིག་དངོས་སློབ་གླིང་གི་འབུམ་རམས་པ་ཡང་ཧྥུན་གྱིས་དུས་རིམ་གསར་ཤོས་ཀྱི་ཕྱི་དབང་དུང་དཀར་གནའ་ཤུལ་གྱི་སྔོག་འདོན་གྲུབ་འབྲས་ཀྱི་སྙན་ཞུ་ཕུལ། 

ཕྱི་དབང་དུང་དཀར་གནའ་ཤུལ་ཚོགས་པ་ནི་བོད་ལྗོངས་མངའ་རིས་ས་ཁུལ་དུ་གནས་བ་དང་། 1994ལོ་ནས2001ལོའི་བར་སྔ་མཇུག་ཏུ་ཐེངས་བདུན་ལ་གནའ་དཔྱད་རིག་པའི་བརྟག་དཔྱད་དང་ཚོད་ལྟའི་སྒོ་ནས་སྔོག་འདོན་བྱས། བོད་ལྗོངས་ནུབ་རྒྱུད་ཀྱི་གནའ་བོའི་སྤྱི་ཚོགས་དང་དཔལ་ཡོན་འཚོལ་ཞིབ་དང་། དེས་བོད་ཀྱི་ཤེས་རིག་ཁྲོད་བཟུང་བའི་གོ་གནས་ངོས་ཟིན་བྱེད་པའི་ཆེད་དུ། 2018ལོ་ནས་2020ལོ་བར་ས་ཁུལ་དེར་མུ་མཐུད་དུ་གནའ་དཔྱད་སྔོག་འདོན་བྱས། དེའི་ནང་སི་ཁྲོན་སློབ་ཆེན་གྱིས་ཕྱི་དབང་དུང་དཀར་གནའ་ཤུལ་གྱི་གནའ་དཔྱད་ལས་དོན་གྱི་གཙོ་འགན་ཁུར་བ་རེད། 

དུས་རིམ་འདིར་བང་སོ10རྙེད་པ་དང་དེའི་ནང་གི་བང་སོ8སྔོག་འདོན་བྱས། དུར་གནས68ལ་གཙང་སྦྲ་བྱས་པ་དང་། གནའ་ཤུལ10དང་རྡོ་ཆས་གནས་ཡུལ1གསར་དུ་རྙེད། དེའི་ཁྲོད་ཀྱི་གནའ་ཤུལ6ལ་སྔོག་འདོན་བྱས། མ་ལག་ལྡན་པའི་ངང་ཐཱན་བཅུ་བཞིས་ལོ་རབས་བརྟག་དཔྱད་བྱས་ཏེ། ས་ཁུལ་དེའི་གཞི་རྩའི་ལོ་རབས་ཀྱི་སྒྲོམ་གཞི་བཙུགས། 

ཡང་ཧྥུན་གྱིས་བཤད་རྒྱུར། བང་སོའི་ཆགས་ཚུལ་དང་དུར་རྫོངས་སོགས་ཀྱི་ཁྱད་ཆོས་ལ་བརྟག་པ་དང་ཐཱ་བཅུ་བཞིའི་ལོ་རབས་ཟུང་དུ་སྦྲེལ་ན། བང་སོ68དེ་དུས་རིམ་བཞི་རུ་བགོས་ཆོག་སྟེ། སོ་སོར་སྤྱི་ལོ་སྔོན་གྱི་དུས་རབས7པ་དང་སྤྱི་ལོ་སྔོན་གྱི་དུས་རབས4པ། སྤྱི་ལོ་སྔོན་གྱི་དུས་རབས4པ་ནས་སྤྱི་ལོ་སྔོན་གྱི་དུས་རབས1པོ། སྤྱི་ལོ་སྔོན་གྱི་དུས་རབས1པོ་ནས་སྤྱི་ལོ་དུས་རབས6པའི་བར། སྤྱི་ལོ་དུས་རབས7པ་ནས་སྤྱི་ལོ་དུས་རབས11པའི་བར་བཅས་ཡིན།

བང་སོའི་དུར་རྫས་ཕུན་སུམ་ཚོགས་པ་དང་། རྫ་ཆས་དང་ལྕགས་ཆས། ཟངས་ཆས། མཚོ་འབུ། ཉ་ལྕིབས་ཀྱི་རྒྱན་ཆས། ཤིང་ཆེས་སོགས་ཡོད་ལ། དུར་དུ་སྲོག་ཆགས་རྫས་སུ་སྦེད་པའི་སྣང་ཚུལ་མང་།  །



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:ཁ་བ་བབས་རྗེས་ཀྱི་གཟི་ཚྭ་སྡེ་དགུ་མཛེས་ལྗོངས་ཁུལ།
  • དོ་སྣང་ཆེ་བའི་རྩོམ།