《བོད་ཡིག་ཚེག་ཁྱིམ་བང་མཛོད》།
ཉེ་སྔོན།ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་ལྷ་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་བཀྲ་ཤིས་རྒྱལ་གཉིས་མཉམ་འབྲེལ་སྒོས་སྒྲིག་རྩོམ་གནང་བའི《བོད་ཡིག་ཚེག་ཁྱིམ་བང་མཛོད》ཐོག་མ་དེ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་པར་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་།
《བོད་ཡིག་ཚེག་ཁྱིམ་བང་མཛོད》ཞེས་པ་འདི་ནི་ཡིག་མཛོད་ལས་བསྡོམས་རྩིས་བྱས་པའི་བོད་ཡིག་ཚེག་ཁྱིམ་ཡིན་ལ།ཡིག་མཛོད་ལ་ཐ་སྙད་མི་གཅིག་པ་ཁྲི36ཡོད་ཅིང་།བོད་ཡིག་ཚེག་ཁྱིམ་དེས་སྐད་བརྡའི་ཐ་སྙད་མ་ལག་ཡོངས་སུ་ནུས་པ་གལ་ཆེན་ཐོན་པ་དང་གཙོ་ཕལ་གྱི་གོ་རིམ་གསལ་བོར་བཏོན་ལ།སྐད་བརྡའི་མ་ལག་ཧྲིལ་བོར་གཏན་འཇགས་རང་བཞིན་ངེས་ཅན་ལྡན།བང་མཛོད་འདིར་ད་སྔ་སྤྱོད་པའི་བོད་ཡིག་ཚེག་ཁྱིམ8263དང་ལེགས་སྦྱར་གྱི་ཚེག་ཁྱིམ་གཞན་འགྱུར848ཡོད་པ་མ་ཟད།ཚེག་ཁྱིམ་རེ་རེའི་འགུལ་ཐེངས་དང་འགུལ་ཚད།འགུལ་ཐེངས་རྩིས་ལེན་དང་འགུལ་ཚད་རྩིས་ལེན།དེ་མིན་བརྡ་འཕྲིན་གྱི་བརྟན་ཚད་སོགས་རྩིས་ལེན་བྱེད།
བང་མཛོད་འདི་བོད་ཡིག་ཆ་འཕྲིན་ཚིག་མཛོད་ཀྱི་འཛུགས་སྐྲུན་དང་།བོད་ཡིག་རྨང་གཞིའི་ཐ་སྙད་ཞིབ་འཇུག་དང་ཐ་སྙད་རེའུ་མིག་འཛུགས་སྐྲུན།བོད་སྐད་ཡིག་བསླབ་གཞི་འཛུགས་སྐྲུན།བོད་སྐད་ཡིག་རིམ་དབྱེ་ཐ་སྙད་ཞིབ་འཇུགབོད་ཡིག་རིག་ལྡན་ཡིག་གཟུགས་སྔོག་འདོན།བོད་ཡིག་ནོར་བཅོས་མཉེན་ཆས་སྔོག་འདོན།བོད་ཡིག་ཆ་འཕྲིན་འཚོལ་བཤེར་མ་ལག་སྔོག་འདོན་སོགས་ཁྱབ་ཁོངས་མང་པོར་སྤྱོད་པ་ཡིན།རྡོ་ལྷ་ནི་འབུམ་རམས་པ་དང་དགེ་རྒན་ཆེན་མོ་དང་།ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་གསུང་འབུམ་གཞི་གྲངས་ཅན་ཞིབ་འཇུག་ཁང་དུ་ལས་གཉེར་བྱེད་ཅིང་།ཀན་སུའུ་ཞིང་ཆེན་རིག་ཚན་འགངས་ཆེའིི་སྐད་བརྡ་རིག་པ་དང་ཉེར་སྤྱོད་སྒྲ་རིག་པའི་སྣེ་ཁྲིད་མཁན་དང་།སློབ་གསོ་པུའུ་ཡི་མཚན་ཉིད་སྤྱི་ཚོགས་རིག་པའི་ཆེད་མཁས་པ་ཡིན་ལ།2012ལོར་སློབ་གསོ་པུའུ་ཡི་དུས་རབས་གསར་བའི་ཕུལ་བྱུང་ཤེས་ལྡན་མི་སྣ་རྒྱབ་སྐྱོར་འཆར་འགོད་དུ་ཚུད་པ་དང་།2014ལོར་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་ཁྲི་སྟོང་བཟོ་བཀོད་ཀྱི་རྒྱབ་སྐྱོར་འཆར་འགོད་རྒྱལ་ཁབ་རིམ་པའི་བདམས་མིའི་གྲས་སུ་ཚུད།བྱས་རྗེས་གཟེངས་ཐོན་གྱི་གཞོན་དར་ཆེད་མཁས་པའི་གཟེངས་རྟགས་ཐོབ།བཀྲ་ཤིས་རྒྱལ་ནི་དགེ་རྒན་ཆེན་མོ་གཞོན་པ་དང་བོད་ལྗོངས་སློབ་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་ལས་གཉེར་བྱེད།ད་སྔ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི1བསྒྲུབ་ཀྱི་ཡོད་ཅིང་།རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གལ་ཆེན་ཏེ་ས་བབ་ཆ་འཕྲིན་སྟེགས་བུ་རྨང་གཞི་བྱས་པའི་བོད་ཀྱི་ཡུལ་སྐད་གྲངས་མཛོད་འཛུགས་སྐྲུན་ཞིབ་འཇུག་ཅེས་པའི་ཞིབ་འཇུག་ལས་གཞི་བསྒྲུབ་པ་ཡིན།དཔྱད་རྩོམ20ལྷག་སྤེལ་བ་དང་།ཆེད་རྩོམ་དང་བསླབ་གཞི།བསྒྱུར་རྩོམ་སོགས་དཔེ་དེབ5པར་བསྐྲུན་འགྲེམ་སྤེལ་བྱས།