དཔྱིད་དུས་སློབ་འགོ་དུས་ལྟར་ཚུགས་ཐུབ་བམ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-02-02

   སྤྱི་ཟླ་1པོའི་ཚེས་31ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་ལས་ཁུངས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ཏེ། མི་དམངས་མང་ཚོགས་ནས་ས་གནས་དེ་རང་དུ་ལོ་གསར་གཏོང་བ་དང་དཔྱིད་གསར་དུས་ཆེན་རིང་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད། སྤྱི་ལོ་2020ལོའི་ལོ་སྟོད་དུ་སློབ་མ་མང་ཆེ་བ་ཁྱིམ་དུ་སྡོད་དགོས་བྱུང་ཡོད་ལ། སློབ་མ་དང་ཁྱིམ་བདག་མང་པོས་ད་ལོའི་དགུན་གསེང་བཏང་རྗེས་སློབ་གྲྭ་ནས་རྒྱུན་ལྡན་ལྟར་སློབ་འགོ་ཚུགས་ཐུབ་མིན་དང་། སློབ་མ་རྣམས་སློབ་གྲྭར་ལོག་དུས་བླང་བྱ་གང་དག་ལ་བརྩི་སྲུང་བྱ་དགོས་མིན་སོགས་ཀྱི་ཐད་ལ་ཐུགས་ཁུར་གནང་བཞིན་ཡོད་པ་རེད།

དཔྱིད་དུས་སློབ་འགོ་དུས་ལྟར་ཚུགས་ཐུབ་བམ།

   ཚོགས་འདུའི་ཐོག སློབ་གསོ་པུའི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སིའི་སི་ཀྲང་ཝང་ཏེང་ཧྥང་གིས། འདི་ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་སྐོར་ལ་སློབ་གསོ་པུའི་མིག་སྔའི་བླང་བྱ་ནི་ཁྱོན་ཡོངས་ནས་སློབ་འགོ་ཚུགས་རྒྱུ་དང་། རྒྱུན་གཏན་ངང་སློབ་འགོ་ཚུགས་རྒྱུ། བདེ་འཇགས་ངང་སློབ་འགོ་ཚུགས་རྒྱུ་བཅས་ཡིན། མིག་སྔར་ས་གནས་ཁག་དང་སློབ་གྲྭ་ཁག་གིས་གུང་གསེང་གཏོང་བ་དང་སློབ་འགོ་ཚུགས་པའི་འཆར་གཞི་སོགས་བཟོས་ཟིན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་དང་གནས་ཚུལ་གྱི་འགྱུར་ལྡོག་ལ་གཞིགས་ཏེ། ད་ལྟ་ལས་དོན་ཁག་གསུམ་དུས་མཉམ་དུ་བསྒྲུབ་དགོས་ཞེས་བསྟན་པ་སྟེ།

དཔྱིད་དུས་སློབ་འགོ་དུས་ལྟར་ཚུགས་ཐུབ་བམ།

   གཅིག་ནི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་པར་གཞི་གསར་པའི་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ལག་རྩལ་ཇུས་གཞིར་བཟོ་བཅོས་རྒྱག་རྒྱུ་ཡིན་པ།མིག་སྔར་ལག་བསྟར་བྱེད་བཞིན་པ་ནི་སྟོན་དུས་དང་དགུན་དུས་ཀྱི་རིམས་འགོག་ལག་རྩལ་ཇུས་གཞི་ཡིན་པ་དང་། དེའི་ནང་སློབ་གྲྭའི་ནང་ཁུལ་གྱི་ས་ཆ་ཁག་དང་སློབ་གྲྭར་འགྲོ་བ་དང་གྲོལ་བའི་བརྒྱུད་རིམ་། དེ་བཞིན་སློབ་ཁང་དང་། ཚོད་ལྟ་ཁང་། ལུས་རྩལ་ཐང་སོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ཚུད་ཡོད། དཔྱིད་དུས་སློབ་འགོ་ཚུགས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལག་རྩལ་ཇུས་གཞིར་བཟོ་བཅོས་རྒྱག་རྒྱུ་མ་ཟད། མིག་སྔར་ལས་དོན་འདི་སྤེལ་འགོ་ཚུགས་ཟིན་པས་གང་མགྱོགས་ལེགས་འགྲུབ་ཐུབ་པ་བྱ་རྒྱུ་དང་།

   གཉིས་ནི་ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་རིམས་ནད་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ཀྱི་བླང་བྱ་བཏོན་པ། དགུན་ཁ་ཤར་ཚུན། རྒྱལ་ཡོངས་ཀྱི་ས་ཆ་ཁ་ཤས་སུ་ཐར་ཐོར་རང་བཞིན་གྱི་ནད་དཔེ་ཐོན་པ་དང་། ས་ཆ་ཁ་ཤས་སུ་གཅིག་བསྡུས་རང་བཞིན་གྱི་ནད་དཔེ་ཐོན་བཞིན་ཡོད། ས་ཆ་ཁག་གིས་སློབ་འགོ་ཚུགས་པའི་དབྱེ་ཞིབ་དང་ཞིབ་འཇུག་བརྡ་གཅོད་བྱེད་འགོ་བཙུགས་ཟིན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་གོང་འཕེལ་དང་འགྱུར་ལྡོག་ལ་གཞིགས་ནས། དཔྱིད་དུས་སློབ་འགོ་ཚུགས་པའི་བླང་བྱ་དང་དུས་ཚོད་བཀོད་སྒྲིག་དུས་ཐོག་ཏུ་ལེགས་སྒྲིག་བྱ་རྒྱུ།

   གསུམ་ནི་ས་གནས་ཁག་དང་སློབ་གྲྭ་ཁག་གིས་དཔྱིད་དུས་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ཁག་སྔ་སྣུར་དུ་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ། གྲ་སྒྲིག་ལས་དོན་ཁག་ནང་རིམས་ནད་ཀྱི་ལག་རྩལ་ཇུས་གཞི་དོན་འཁྱོལ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག ཕྱོགས་ཁག་གི་ཆ་རྐྱེན་གྲ་སྒྲིག་བཅས་ཚུད་ཡོད་པ་དང་། ས་གནས་དེ་ག་དང་དེ་བཞིན་སློབ་མའི་ཐོན་ཁུངས་ས་ཆའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་དང་བླང་བྱར་དབྱེ་ཞིབ་དང་བརྡ་གཅོད་བྱ་རྒྱུ་ཡང་ཚུད་ཡོད། དམིགས་བསལ་གནས་ཚུལ་འོག ཁག་བགོས་དང་མི་ཚོགས་ལས་གཡོལ་ཏེ་སློབ་འགོ་ཚུགས་དགོས་ཀྱི་ཡོད། གལ་ཏེ་དཔྱིད་གསར་དུས་ཆེན་ཚར་རྗེས་ད་དུང་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ཡོད་ཕྱིན། ས་ཁུལ་དེ་དག་གི་སློབ་མ་རྣམས་གནས་སྐབས་སློབ་གྲྭར་ཕྱིར་ལོག་རྒྱུ་ནར་འགྱངས་བྱ་སྲིད། འོན་ཀྱང་སློབ་གསོའི་མ་ལག་ཡོངས་དང་སློབ་གྲྭའི་ངོས་ནས་བརྗོད་ན། དུས་ཐོག་དང་བདེ་འཇགས་ངང་སློབ་འགོ་ཚུགས་པར་འགན་ལེན་བྱ་དགོས་ལ། དཔྱིད་དུས་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ཁག་སྔ་སྣུར་དུ་འཆར་འགོད་ཡག་པོ་བྱ་དགོས། དེ་དང་ཆབས་གཅིག་སློབ་གསོ་པུས་ས་གནས་ཁག་དང་སློབ་གྲྭ་ཁག་གིས་དྲ་ཐོག་དང་དྲ་འོག་གི་སློབ་ཁྲིད་ཕན་ཚུན་ཟུང་འབྲེལ་བྱ་རྒྱུར་གྲ་སྒྲིག་ཨང་གསར་བྱེད་དགོས། དགོས་མཁོ་ཡོད་ཚེ་དྲ་ཐོག་ཏུ་སློབ་ཁྲིད་བྱ་རྒྱུར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་དགོས། གལ་ཏེ་བདེ་འཇགས་ངང་སློབ་འགོ་ཚུགས་ཐུབ་པ་དང་ཁྱོན་ཡོངས་ནས་སློབ་འགོ་ཚུགས་ཐུབ་ཚེ། སློབ་གསོ་པུས་འབྲེལ་ཡོད་ཆ་འཕྲིན་གང་མགྱོགས་ངང་ཁྱབ་བསྒྲགས་བྱ་རྒྱུ་བཅས་ཡིན་པ་རེད།

   མཇུག་ཏུ་ཝང་ཏེང་ཧྥང་གིས། སློབ་གསོ་པུས་མུ་མཐུད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕེལ་རིམ་དང་འགྱུར་ལྡོག་གཞིགས་ཏེ་དུས་ཐོག་ཏུ་བཅོས་སྒྲིག་བྱ་རྒྱུ་ཡིན་ཞེས་ཕྱོགས་བསྡོམས་གནང་ཡོད་པ་རེད།

  • ལེ་ཚན་སྔོན་མ།:《ཨ་བོ་བྱིའུ་ཆུང་ཡིག་རིས་ཀློག་དེབ་དཔེ་ཚོགས》ཞེས་པའི་དེབ་དཀྱུས་མ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།