ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་ལམ་དུམ་གྱི་ལྕགས་ལམ་བཏིངས་ནས་འགྲུབ་པ།

    མི་དམངས་དྲ་བ།    2021-01-05

ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་ལམ་དུམ་གྱི་ལྕགས་ལམ་བཏིངས་ནས་འགྲུབ་པ།

   2020ལོའི་ཟླ12ཚེས31ཉིན་གྱི་སྔ་དྲོ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་ཉིང་ཁྲིའི་བབས་ཚུགས་ལྕགས་ལམ་འདིང་ཡུལ་དངོས་སུ་བཟོ་སྐྲུན་མི་སྣ་ཚོས་ཆེས་མཐའ་མའི་རིང་ཚད་སྨི་25ཡི་ལྕགས་ལམ་དེ་ཉིང་ཁྲིའི་བབས་ཚུགས་ཀྱི་མ་ལམ་ལམ་གཞིའི་ཐོག་བཏིང་ཡོད་ཅིང་། དེས་སྤྱི་ལེ399.61གི་ལྷ་ཉིང་ལྕགས་ལམ་གྱི་མ་ལམ་བཏིང་ཐུབ་བྱུང་ནས་གོམ་སྟབས་རྗེས་མར་དངོས་སུ་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་མཚོན་པ་རེད།

   ལྷ་ཉིང་ལྕགས་ལམ་གྱི་མ་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ435.5ཟིན་པ་དང་། གསར་དུ་བསྐྲུན་པའི་མ་ལམ་སྤྱི་ལེ403.1ཡོད་པ། གློག་རླངས་ཅན་གྱི་རིམ་པ་དང་པོའི་ལྕགས་ལམ་ཡིན་ཞིང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ160ཡིན་པ་དང་། ལམ་ཐིག་ཧྲིལ་པོར་མེ་འཁོར་བབས་ཚུགས34བསྐྲུན་ཡོད་པ་དང་། དང་ཐོག་བབས་ཚུགས17སྤྱོད་པའི་སྒོ་འབྱེད་རྒྱུ། ལམ་ཐིག་ཧྲིལ་པོ2021ལོའི་ཟླ6ཚེས30ཉིན་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་བྱས་ཡོད་པ་རེད།

   ལྷ་ཉིང་ལྕགས་ལམ་དེ་མཚོ་བོད་ས་མཐོའི་གངས་ཏི་སི་དང་ཧི་མ་ལ་ཡའི་ས་མཚམས་དབར་གྱི་ཡར་ཀླུང་གཙང་པོའི་འཚེམ་ཁུལ་དུ་གནས་པ་དང་། 90%ཡན་གྱི་ལམ་དུམ་བུ་དེ་མཐོ་ཚད་སྨི3000ཡན་གྱི་ས་བབ་མཐོ་བའི་ས་ཁུལ་དུ་གནས་ཡོད། དེར་ཕྱིར། ལྷ་ཉིང་ལྕགས་ལམ་དེ་གངས་ལྗོངས་ས་མཐོའི་མཐོ་གྲང་གསོ་རླུང་དཀོན་པ་དང་། སྣོད་བཅུད་ཉམས་ཞན་གྱི་ཡ་ང་བའི་རང་བྱུང་ཁོར་ཡུག་དང་འགྱུར་ལྡོག་མང་བའི་བྱེ་རླུང་དང་། འཁྱགས་ཕུང་རིམ་པ། བྲག་རྡོ་དང་འབར་གས། ས་བབ་མཐོ་ལ་དྲོད་འཇམ་གྱི་བྲག་རྡོ་དང་བཟོ་ལྟ་འགྱུར་བ་ཆེན་པོ་སོགས་ཀྱི་རྙོག་འཛིང་ཆེ་བའི་ས་གཤིས་ཁོར་ཡུག་འཕྲད་པས་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།

   ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཚོགས་པ་ཀུང་སིའི་ལྷ་ཉིང་ལྕགས་ལམ་སྒྲོམ་འདིང་རྣམ་གྲངས་ཀྱི་ཅིང་ལི་ཧྲེན་ཡུས་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།ལྷ་ཉིང་ལྕགས་ལམ་དེ2017ལོའི་ཟླ10ཚེས19ཉིན་ནས་བསྐྲུན་འགོ་ཚུགས་པ་ནས་བཟུང་ལམ་ཐིག་ཧྲིལ་པོར་མི1200ལྷག་ཙམ་ཞུགས་ཡོད་ཅིང་། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པས་གསར་གཏོད་གསར་སྤེལ་བྱས་པའི“བརྙན་ལམ་སྣེ་ཁྲིད”དང་། དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན། མེ་འཁོར་ཉེན་ཟོན། ཕུག་ལམ་ནང་མེ་འཁོར་གནས་འཁེལ་སོགས་ནུས་པས་སྐྱེལ་འདྲེན་བདེ་འཇགས་འགན་ལེན་ཐུབ་ནས་ལྕགས་ལམ་རིགས་གཅིག་ལ་ཕུག་ལམ་མང་པོ་བསྐྲུན་པའི་རྩ་ཆེའི་ཉམས་མྱོང་བསགས་ཡོད་པ་རེད།

   ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས། བོད་རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་ལམ་དྲའི་བཀོད་པ་སྔར་བས་ལེགས་སུ་ཕྱིན་ནས་བོད་ཀྱི་ཤར་ལྷོའི་བར་མེ་འཁོར་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་བསྒྲིལ་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་རྒྱུ་ཡིན་ལ་ཁྲོན་བོད་ལྕགས་ལམ་གྱི་ཉིང་ཡ་དུམ་བུའི་འཛུགས་སྐྲུན་ལ་དེ་བས་སྟབས་བདེ་བའི་སྐྱེལ་འདྲེན་བགྲོད་ལམ་མཁོ་འདོན་བྱ་རྒྱུ་རེད།

  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱི་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་པ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་གིས་གྲོང་གསེབ་ལས་དོན་གྲོས་ཚོགས་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།