ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2017-10-26
ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་མ་ཐག་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱིས་སྤྱི་ཚེས་25ཉིན་གྱི་ཉིན་དགུང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པར་བཅར་འདྲི་ཞུ་མཁན་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་མཛའ་བརྩེའི་མཇལ་འཕྲད་གནང་།
ཆུ་ཚོད་11དང་སྐར་མ་45ཡི་ཐོག ཞི་ཅིན་ཕིང་སོགས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཚོམས་ཆེན་དུ་ཕེབས་ཡོད་པ་དང་། འགྱེས་ཚོར་ཆེན་པོའི་ངང་ཚོགས་རར་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་འཚམས་འདྲི་གནང་།
ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་མགྲིན་ཚབ་པ་ཐོ་ཀྲེན་གྱིས་སྟབས་བདེའི་ངོ་སྤྲོད་གནང་རྗེས། ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ཡོད་པ་རེད། ཁོང་གིས་ཐོག་མར། ཁ་སང་། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་མཇུག་སྒྲིལ་ཡོད། ད་ཐེངས་གསར་འགོད་པ་མང་པོ་ཕེབས་ཡོད་པ་དང་། མང་པོ་ཞིག་ནི་ཐག་རིང་ནས་ཕེབས་པ་ཞིག་ཡིན། ཚང་མས་གྲོས་ཚོགས་ཀྱི་གནས་ཚུལ་འབོར་ཆེན་གཏོང་སྤེལ་གནང་ཡོད་པས་འཛམ་གླིང་ཧྲིལ་པོའི་རྒྱ་ཁྱབ་དོ་ཁུར་ཐོབ་ཡོད། ཁྱེད་རྣམ་པ་སྐུ་ལས་ཁག་སོང་། ངས་ཁྱེད་རྣམ་པར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས། ཚོགས་ཆེན་འཚོགས་ཚུན། རྒྱལ་ཁབ་165ཡི་སྲིད་ཏང་གཙོ་བོ་452ནས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་དང་འཕྲིན་ཡིག་855འབྱོར་ཡོད་པ་དང་། དེའི་ཁྲོད་ནས། 814ནི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་འཛིན། སྲིད་ཏང་དང་གལ་ཆེའི་སྒྲིག་འཛུགས་ལས་ཁུངས་ཀྱི་འགོ་ཁྲིད་པས་བསྐུར་གནང་བ་ཡིན། དེར་བརྟེན། ངས་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཁོང་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་སྐོང་འཚོགས་བྱས་མ་ཐག་པའི་ཀྲུང་གུང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་ཚན་པ་བདམས་ཐོན་བྱུང་བ་དང་། ཚང་འཛོམས་གྲོས་ཚོགས་ཐོག་ང་རང་མུ་མཐུད་དེ་ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཁུར་རྒྱུར་བདམས་ཐོན་བྱུང་ཡོད། དེ་ནི་ང་རང་ལ་གདེང་འཇོག་གནང་བ་ཞིག་དང་དེ་བས་ང་རང་གི་ངོས་ནས་བརྗོད་ན་སྐུལ་ལྕག་ཅིག་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ཚང་མར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག་ངོ་སྤྲོད་གནང་རྗེས་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་ཚན་པའི་ཚབ་ཞུས་ཏེ་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡིད་ཆེས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ངེས་པར་དུ་འགན་འཁྲི་བརྟན་སྲུང་དང་དཀའ་སྤྱད་ལས་བརྩོན། འགན་འཁྲིར་ངོ་གནོངས་མི་དགོས་པ། མངག་བཅོལ་ཆེན་པོ་ཆུད་ཟོད་སུ་མི་འགྲོ་བ་བཅས་བྱ་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་ངོ་ལྔའི་རིང་ང་ཚོས་ལས་དོན་མང་པོ་སྒྲུབ་ཡོད་པ་དང་རེ་འགའ་ལེགས་གྲུབ་ཟིན་པ་དང་རེ་འགའ་ད་དུང་མུ་མཐུད་ནས་བྱེད་དགོས་ཀྱི་ཡོད། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་སླར་ཡང་དམིགས་འབེན་གསར་པ་དང་ལས་འགན་གསར་པ་བཏོན་ཡོད་པས་ང་ཚོས་དོན་འཁྱོལ་ཡག་པོ་བྱེད་དགོས། ཡུན་རིང་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། དུས་རབས་གསར་པར་རྣམ་པ་གསར་པ་དགོས་པ་དང་། དེ་བས་ཀྱང་བྱ་སྤྱོད་གསར་པ་དགོས་ཀྱི་ཡོད། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ནས་ཚོགས་ཆེན་ཉི་ཤུ་པའི་བར་གྱི་ལོ་ངོ་ལྔ་ནི་ལོ་བརྒྱ་བྱས་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་དུས་རིམ་དུ་གནས་རྒྱུ་ཡིན་པས་ལོ་བརྒྱའི་དམིགས་འབེན་དང་པོ་མངོན་འགྱུར་ཡོང་བ་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་འགོ་འཛུགས་དགོས་ཀྱི་ཡོད། དེའི་ནང་དུ་དུས་ཚིགས་གལ་ཆེ་བ་ཁག་ཅིག་ཡོད་ཅིང་། དེ་ནི་ང་ཚོའི་ལས་དོན་གྱི་དམིགས་ཚད་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས། སྤྱི་ལོ་2018ལོར་ང་ཚོས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་བསུ་བ་ཞུ་རྒྱུ་ཡིན། བསྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཡིན་པ་དང་། ལོ་ངོ་བཞི་བཅུའི་བསྒྱུར་བཅོས་སྒོ་དབྱེས་ཀྲུང་གོའི་མི་དམངས་ཀྱི་འཚོ་བ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ནས་རིམ་བཞིན་འབྱོར་ཕྱུག་ཡར་འཕེལ་བྱུང་ཡོད། ང་ཚོས་ཉམས་མྱོང་ཕྱོགས་བསྡོམས་དང་བབ་བསྟུན་འཕྲལ་བསྟུན་བྱས་ཏེ། མུ་མཐུད་རྒྱལ་སྐྱོང་སྲིད་འཛིན་གྱི་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཁག་གི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། བསྒྱུར་བཅོས་དང་སྒོ་དབྱེ་ཕན་ཚུན་སྐུལ་འདེད་དང་ཆར་པ་ཆུ་གྲོགས་ལྟ་བུ་ཡོང་བ་བྱ་དགོས། བསྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ཁྲོད་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཐུབ་ངེས་ཡིན་པ་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་ནན་སྟོན་གནང་།
ཞི་ཅིན་ཕིང་གིས། སྤྱི་ལོ་2017ལོར་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་བསུ་རྒྱུ་ཡིན། ང་ཚོས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་སྐྲུན་རྒྱུ་ཡིན། ང་ཚོས་མུ་མཐུད་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ནང་གཏན་འཁེལ་བྱས་པའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱ་རྒྱུ་མ་ཟད། མ་འོངས་འཕེལ་རྒྱས་ཆེད་འཆར་འགོད་གསར་པ་འདིང་རྒྱུ་དང་། བྱ་གཞག་ཁག་ཁྱོན་ཡོངས་ནས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་ཉིད་སྔར་བས་དར་རྒྱས་དང་འབྱོར་ཕྱུག་ལྡན་པ་ཞིག་ལ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས། སྤྱི་ལོ་2020ལོར་ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱ་རྒྱུ་ཡིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་གཅིག་ཀྱང་མི་ལུས་པ་བྱེད་པ་དང་། ཐུན་མོང་འབྱོར་ཕྱུག་གི་ལམ་བུའི་ཐོག་གཅིག་ཀྱང་མི་ལུས་པ་བྱེད་དགོས། ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་གཏོར་གྱི་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་བྱས་ཏེ་ང་ཚོའི་དམ་བཅའ་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་ཡིན། མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན་པ་ང་ཚོས་སེམས་ལ་བརྟན་པོར་ངེས་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས། དམངས་འཚོར་ལེགས་བཅོས་དང་འགན་ལེན་བྱེད་པའི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ། མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སྣང་། བདེ་འཇགས་ཀྱི་ཚོར་བ་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་བཅས་བྱས་ནས། རྒྱ་ཆེའི་མི་དམངས་རྣམས་མཉམ་དུ་ཕྱུག་འགྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ང་རང་ལ་ཀྲུང་གོའི་མི་དམངས་ཀྱི་འཚོ་བ་ལོ་རེ་བཞིན་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་ནན་སྟོན་གནང་།
ཞི་ཅིན་ཕིང་གིས། སྤྱི་ལོ་2020ལོར་ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་བསུ་བ་ཞུ་རྒྱུ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་ཀྱི་རླབས་ཆེན་བྱ་གཞག་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། ལོ་བརྒྱ་ནི་ཏག་ཏག་ལང་ཚོ་དར་ལ་བབས་པའི་དུས་ཡིན། ཀྲུང་གོའི་གུང་ཁྲན་ཏང་ནི་འཛམ་གླིང་ཐོག་སྲིད་ཏང་ཆེ་ཤོས་ཡིན། ཆེན་པོ་ཡིན་ན་ཆེན་པོ་ཡིན་པའི་རྟགས་མཚན་ཞིག་དགོས། ལག་ལེན་དངོས་ཀྱི་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ལ་སྣེ་ཁྲིད་ནས་རླབས་ཆེའི་སྤྱི་ཚོགས་གསར་བརྗེ་བྱེད་ཐུབ་ལ། རླབས་ཆེའི་རང་ངོས་གསར་བརྗེ་ཡང་བྱེད་ཐུབ་པ་ར་སྤྲོད་གསལ་པོ་བྱུང་ཡོད། ང་ཚོས་དུས་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དུས་ནམ་ཡང་མི་དམངས་ཀྱི་སྤྱི་ཞབས་པ་དང་། དུས་རབས་ཀྱི་གདོང་ལེན་པ། མི་རིགས་ཀྱི་ཀ་རྟེན་བྱ་དགོས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དུས་ནམ་ཡང་ལམ་དུ་ཡོད་པས། དབུགས་ངལ་གསོ་བ་དང་ངལ་གསོ་རྒྱག་པའི་བསམ་པ་གང་ཡང་ཡོད་མི་རུང་། ང་ཚོས་ཏང་གི་བདེ་ཐང་གཟུགས་གཞིར་བསླད་སྐྱོན་བཟོ་བའི་ནད་དུག་ཐ་དག་མུ་མཐུད་གཙང་སེལ་བྱས་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ནུས་ཤུགས་ཆེན་པོས་སྐྲུན་པ་དང་། ཏང་ཡོངས་ཀྱི་སྟོབས་ཆེའི་དྲང་ནུས་ཀྱིས་སྤྱི་ཚོགས་ཡོངས་སུ་ཀྲུང་གོའི་གོང་འཕེལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས་ཞེས་བསྟན་གནང་བ།
ཞི་ཅིན་ཕིང་གིས། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་དཀའ་སྡུག་ཁྲོད་ནས་སྐྱོད་ཡོང་བ་ཞིག་ཡིན་པས། ཞི་བདེ་རྩ་ཆེན་དང་གོང་འཕེལ་གྱི་རིན་ཐང་གསལ་པོ་ཤེས་ཀྱི་ཡོད། ཀྲུང་གོའི་མི་དམངས་ནི་བློ་སྟོབས་ལྡན་པ་དང་རང་བཀུར་ཅན་ཞིག་ཡིན་ཞིང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་ཁེ་ཕན་བཅས་སྲུང་སྐྱོབ་བྱ་རྒྱུ་དང་དུས་མཚུངས་སུ་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་ཆེད་དུ་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་ཟམ་མི་ཆད་པར་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་།
ཞི་ཅིན་ཕིང་གིས། ལོ་རྒྱུས་ནི་མི་དམངས་ཀྱིས་བྲིས་པ་ཞིག་ཡིན་པས། གྲུབ་འབྲས་མཐའ་དག་མི་དམངས་ལ་དབང་ཡོད། ང་ཚོས་མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་འཛུགས་པ་དང་། མི་དམངས་ལ་དམ་པོར་བརྟེན་ཚེ། རྫོགས་མཐའ་མེད་པའི་སྟོབས་ཤུགས་ཐོབ་ནས། འགོག་རྐྱེན་གང་ཞིག་འཕྲད་ཀྱང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་ཐུབ་ཅེས་བསྟན་གནང་།
ཞི་ཅིན་ཕིང་གིས་མཇུག་ཏུ། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་དཔེ་ལྟར། ང་ཚོས་གྲོགས་པོ་གསར་འགོད་པ་རྣམས་ཀྲུང་གོར་མང་ཙམ་ཕེབས་པ་དང་། མང་ཙམ་གཟིགས་ནས་མུ་མཐུད་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་ཀྱི་ཀྲུང་གོའི་གོང་འཕེལ་གྱི་འཕོ་འགྱུར་ལ་དོ་ཁུར་གནང་ནས། སྔར་བས་ཁྱོན་ཡོངས་ཀྱི་སྒོ་ནས་ཀྲུང་གོར་ཤེས་རྟོགས་དང་གནས་ཚུལ་གཏོང་སྤེལ་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོར་བསྟོད་ར་ཆེ་བརྗོད་ཀྱི་ཚིག་མང་པོ་མི་དགོས་པར། ང་ཚོས་དངོས་ཡོད་གནས་ཚུལ་དང་མཐུན་པའི་ངོ་སྤྲོད་དང་ཕན་ཡོད་ཀྱི་གྲོས་འགོ་འདོན་རྒྱུར་སྔ་བར་ཕྱི་གསུམ་དུ་དགའ་བསུ་ཞུ་གི་ཡོད་ཅེས་གསུངས།
ཆུ་ཚོད་བཅུ་གཉིས་དང་སྐར་མ་བཅུ་བདུན་ཐོག་མཇལ་འཕྲད་བྱེད་སྒོ་མཇུག་སྒྲིལ་བ་རེད། ཞི་ཅིན་ཕིང་སོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་རྣམས་ལ་ཕྱག་གཡུགས་གཡུགས་གནང་ནས་ཞལ་གྱེས་ཞུས་གནང་བ་དང་། ཚོགས་ར་ཡོངས་སུ་སླར་ཡང་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10