ཡོང་ཁུངས། མི་དམངས་དྲ་བ། 2017-10-20
ཟླ10ཚེས19ཉིན་གྱི་སྔ་དྲོར། བློ་མཐུན་ཀྲང་ཀའོ་ལི་ཁོང་གནས་སའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཧྲའན་ཤིས་ཞིང་ཆེན་འཐུས་མི་ཚོགས་པར་ཕེབས་ནས་ཚོགས་ཞུགས་འཐུས་མི་ཚོ་དང་ལྷན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་རེད། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཐད་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བསྐྱོན་པ་མ་ཟད། འབྱུང་འགྱུར་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་བྱེད་ཕྱོགས་དང་མཛད་ཇུས་ཆེན་པོའི་བྱེད་ཕྱོགས་དང་འཐབ་ཇུས་བཀོད་སྒྲིག་རྒྱས་བཤད་གནང་ཡོད། སྙན་སྒྲོན་དེ་གཟིགས་རྒྱང་རིང་བ་དང་། གསར་འབྱེད་གསར་གཏོད། ནང་དོན་ཕུན་སུམ་ཚོགས་པ། རྒྱ་ཆེ་གཏིང་ཟབ་བཅས་ཡིན་པ་དང་དེ་ནི་མར་ཁེ་སི་རིང་ལུགས་བདེན་དོན་གྱི་འོད་ཟེར་ཁྱབ་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་རང་རེའི་ཏང་དུས་རབས་གསར་པའི་ཕྱོགས་སུ་སྐྱོད་པ་དང་། རྒྱང་སྐྱོད་གསར་པ་འགོ་ཚུགས་པ། ལེའུ་གསར་པ་མུ་མཐུད་རྩོམ་པ་བཅས་ཀྱི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཧྲའན་ཤིས་ཞིང་ཆེན་འཐུས་མི་ཚོགས་པའི་འཐུས་མི་ཚོས་གཏམ་བཤད་ཧུར་ཐག་སྤེལ་བས་ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། འཐུས་མི་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཀྲང་ཀའོ་ལིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དེང་གི་འཛམ་གླིང་དང་དེང་རབས་ཀྲུང་གོའི་འཕེལ་ཕྱོགས་ཆེན་པོར་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་གནང་ནས་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ། བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་མ་བཏང་བ་བཅས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་གཞི་རྩའི་རྒྱུ་རྐྱེན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་མངོན་ཡོད་ཅེས་གསུངས།
ཀྲང་ཀའོ་ལིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་མཉམ་སྡེབ་བློ་གྲོས་ཀྱི་འབྲས་བུ་ཞིག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་སླད་དུ་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་ཡིན་པས། ང་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཅངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ་མ་ཟད། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་གང་ལེགས་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་སྤེལ་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས།
ཀྲང་ཀའོ་ལིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་གཏོང་། གཙོ་གནད་དམ་འཛིན། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་དང་ལྷག་པར་དུ་ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས་2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10