ལི་ཁེ་ཆང་ཀོང་ཤིས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།

ཡོང་ཁུངས། མི་དམངས་དྲ་བ།        2017-10-20

  ལི་ཁེ་ཆང་ཀོང་ཤིས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།

     ཟླ10ཚེས19ཉིན་གྱི་སྔ་དྲོར། བློ་མཐུན་ལི་ཁེ་ཆང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ཤིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན་ནང་། འདས་ཟིན་པའི་ལོ་ལྔའི་རིང་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བའི་འོད་སྟོང་འབར་བའི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ལ་ཕྱིར་གཟིགས་དང་ཕྱོགས་སྡོམ་གནང་བ་དང་འབྲེལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད། སྙན་སྒྲོན་ནང་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་འདུས་པ་དེ་ཐོག་ནས་དུས་རབས་ཀྱི་བླང་བྱ་དང་མི་དམངས་ཀྱི་རེ་སྒུག་མཚོན་ཡོད། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པར་སྐྱོད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད་ཅེས་གསུངས་པ་རེད།

        གྲོས་བསྡུར་གནང་སྐབས་ལི་ཁེ་ཆང་གིས་འཐུས་མི་ཚོ་དང་སྤེལ་རེས་ཟབ་མོ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བ་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བར་བརྟེན་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་རང་རྒྱལ་འདི་ཉིད་འཕེལ་རྒྱས་ཕྱིན་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཐུབ་པ་བྱུང་བ་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསྐྱོད་པར་བརྟེན་ནས་བྱུང་བ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག རང་རེའི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་ཀྱི་དགོངས་པ་ཞིག་བཅས་རེད་ཅེས་གསུངས་པ་རེད།

          ལི་ཁེ་ཆང་གིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་ལག་ལེན་གཏིང་ཟབ་བསྟར་ཏེ་ཏང་གི་རྩ་བའི་རིགས་པའི་གཞུང་ལུགས་དང་། རྩ་བའི་ལམ་ཕྱོགས། རྩ་བའི་བྱེད་ཕྱོགས་བཅས་མཐའ་འཁྱོངས་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་ལ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་འདི་ཉིད་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩར་བརྩི་བ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་གཞིགས་ནས་མི་དམངས་ཀྱི་ཉིན་བཞིན་གོང་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུར་དམ་པོར་དམིགས་པ། འཕེལ་རྒྱས་དོ་སྙོམས་པོ་མེད་པ་དང་ཆ་ཚང་པོ་མེད་པའི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་བརྒྱུད་རིམ་ཁྲོད་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་བྱེད་དགོས་ཞེས་གསུངས།

        ལི་ཁེ་ཆང་གིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་དགོས་ན། ངེས་པར་དུ་སེམས་ལ་ཏང་ཡོད་པ་དང་སེམས་ལ་མི་དམངས་ཡོད་པ་བྱས་ཏེ་ང་ཚོའི་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་དགོས་པ་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་འབད་བརྩོན་བྱས་ཏེ་མི་དམངས་ལ་དེ་བས་མང་བའི་ལས་ཞུགས་དང་། དེ་བས་སྤུས་ལེགས་ཀྱི་སློབ་གསོ་དང་སྨན་བཅོས། དེ་བས་མཐའ་སྐྱོང་གི་སྤྱི་ཚོགས་འགན་ལེན་མཁོ་འདོན་བྱེད་དགོས་པ། ཉེན་ཁ་ཆེན་པོར་དོགས་ཟོན་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་ཤུགས་རྒྱག་དགོས་པ། སྤྱི་ཚོགས་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་གཞུང་དྲང་དྲང་བདེན་ལ་སྐུལ་འདེད་གཏོང་དགོས་པ། དམངས་འཚོ་འགན་ལེན་དང་ལེགས་བཅོས་ལ་སྐུལ་འདེད་གཏོང་རིང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཆགས་པར་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོས་མི་དམངས་ལ་དེ་བས་མང་བའི་བདེ་སྐྱིད་སྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

         ལི་ཁེ་ཆང་གིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། རང་རྟོགས་ངང་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ལྷག་བསམ་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཐུབ་པ་བཅས་བྱེད་དགོས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པ། འོས་འགན་བློ་ལ་བརྟན་པོར་ངེས་པ། སེམས་ཐག་གཙང་བཅད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་འདུ་འགོད་སྐྲུན་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།

         བློ་མཐུན་མཱ་པེའོ་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།
  • ལེ་ཚན་རྗེས་མ།:ཝང་ཆི་ཧྲན་ཧུའུ་ནན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།