ཡོང་ཁུངས། མི་དམངས་དྲ་བ། 2017-10-19
ཟླ་10ཚེས་18ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྙན་སྒྲོན་གནང་བའི་གནས་ཚུལ་ཡིན་པ།
ཟླ་10ཚེས་18ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། ཅང་ཙེ་མིན། ཧུའུ་ཅིན་ཐའོ་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་གནས་ཚུལ་ཡིན་པ།
ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཐོག་མའི་བསམ་འདུན་མ་བརྗེད་པར་ལས་འགན་སེམས་ལ་བརྟན་པོར་ངེས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བླངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས་པ་དེ་རེད།
རླབས་ཆེན་ཕུགས་འདུན་གྱི་འཆར་གཞི་གསར་པ་བཀོད། བྱ་གཞག་གསར་པའི་དུས་རབས་གསར་པ་ཤར། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚེས་18ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད།
ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་སྙན་སྒྲོན་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཐོག་མའི་བསམ་འདུན་མ་བརྗེད་པར་ལས་འགན་སེམས་ལ་བརྟན་པོར་ངེས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བླངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས་པ་དེ་རེད།
མི་དམངས་ཚོགས་ཁང་ཆེན་མོ་རྔམ་བརྗིད་རབ་ཏུ་ལྡན། མི་ཁྲི་གཤོངས་བའི་ཚོགས་ཁང་ཆེན་མོར་འཁྲུག་ཆ་དོད། ཀྲུའུ་ཞི་སྡིངས་ཆའི་ཡོལ་བའི་སྟེང་དུ“ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ”ཞེས་པའི་ཚོགས་རྟགས་བཀལ་བ་དང་། ཡོལ་བའི་རྒྱབ་ངོས་ནི་ཟོར་བ་དང་ཐོ་བ་ལས་གྲུབ་པའི་ཏང་རྟགས་ཡིན་པ། དམར་མདངས་བཀྲ་བའི་དར་དམར་10གཞོགས་གཉིས་སུ་གྲལ་སྟར་འགྲིག་པོར་བཙུགས་ཡོད། ཉིས་ཐོག་དང་གསུམ་ཐོག་གི་གཟིགས་སྟེགས་ཐོག“ཐོག་མའི་བསམ་འདུན་མ་བརྗེད་པར་ལས་འགན་སེམས་ལ་བརྟན་པོར་ངེས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བླངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས”ཞེས་པ་དང“རླབས་ཆེན། གཟི་བརྗིད། ཡང་དག་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད།
ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲས་སུ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། མཱ་ཁའེ། ཝང་ཧུའུ་ཉིང་། ལིའུ་ཡན་ཏུང་། ལིའུ་ཆི་པའོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཅན་གོ ལི་ཡོན་ཁྲའོ། དབང་ཡང་། ཀྲང་ཁྲུན་ཞན། ཧྥན་ཁྲང་ལུང་། མོང་ཅན་ཀྲུའུ། ཀྲའོ་ལེ་ཅི། ཧུའུ་ཁྲུན་ཧྭ། ལི་ཀྲན་ཧྲུའུ། ཀུའོ་ཅིན་ལུང་། ཧན་ཀྲེང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ། ལི་ཕུང་། ཀྲུའུ་རུང་ཅི། ལི་རུའེ་ཧོན། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ཏུའུ་ཆིང་ལིང་། ཀྲའོ་ཧུང་ཀྲུའུ། དབྱང་ཅིང་སོགས་ཡོད།
ཚོགས་ཆེན་ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་རེད། སྔ་དྲོའི་ཆུ་ཚོད་9པར་ཚོགས་འདུ་འགོ་ཚུགས་ཤིང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱིས་ཡར་བཞེངས་ཏེ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་》སྐད་གསང་མཐོན་པོས་བླངས་པ་དང་དེ་རྗེས་བློ་མཐུན་ཡོངས་ཀྱིས་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་འདས་པོ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
ལི་ཁེ་ཆང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་དགོས་པའི་འཐུས་མི་2280དང་ཆེད་མངགས་གདན་ཞུས་འཐུས་མི་74ཡོད་པར་ཁྱོན་མི་གྲངས་2354ཡོད། དེ་རིང་དངོས་སུ་མི་གྲངས་2338ཕེབས་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད། ཁོང་གིས་ཚོགས་ཆེན་ལ་ཟུར་ཞུགས་གནང་བའི་ཏང་ཕྱིའི་གྲོགས་པོ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།
ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན་དེ་ཁག་13ལ་ཕྱེ་བ་སྟེ། གཅིག འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། གཉིས། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལས་འགན། གསུམ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་གཞི་རྩའི་མཛད་ཇུས། བཞི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་འཛུགས་དགོས་པ། ལྔ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས་པ། དྲུག མི་དམངས་རང་ཐག་རང་གཅོད་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་དགོས་པ། བདུན། རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ། བརྒྱད། དམངས་འཚོ་འགན་ལེན་དང་ལེགས་གཏོང་གི་ཆུ་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས་པ། དགུ སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་པོ་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་དགོས་པ། བཅུ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེན་སྐྲུན་པའི་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ། བཅུ་གཅིག “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མཐའ་འཁྱོངས་ཀྱིས་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས་པ། བཅུ་གཉིས། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། བཅུ་གསུམ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་ཆད་མེད་པར་ཏང་གི་སྲིད་འཛིན་གྱི་ནུས་པ་ཆེ་རུ་དང་འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད།
ཞི་ཅིན་ཕིང་གིས་སྙན་སྒྲོན་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔའི་རིང་། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ཐོག་དཀའ་ངལ་ཁྱད་བསད་དང་གསར་གཏོད་ཡར་བརྩོན་བྱས་པས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་རྣམ་པ་གསར་པ་ཁྱོན་ཡོངས་ནས་བཏོད་ཡོད་པ་སྟེ། དཔལ་འབྱོར་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཚད་བརྒལ་ཆེན་པོ་བྱུང་བ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་གོམ་སྟབས་ཆེན་པོ་སྤོས་པ། བསམ་བློ་རིག་གནས་འཛུགས་སྐྲུན་ཐད་འཕེལ་རྒྱས་གལ་ཆེན་བྱུང་བ། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་རྣམ་པ་གསར་པ་བཏོད་པ། ཀང་ཨའོ་ཐའེ་ལས་དོན་ཐད་འཕེལ་རྒྱས་གསར་པ་བྱུང་བ། ཁྱོན་ཡོངས་ཀྱི་ཕྱི་འབྲེལ་བཀོད་སྒྲིག་གཏིང་ཟབ་བྱས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་དང་ཆབས་ཅིག་ང་ཚོའི་ལས་དོན་ཐད་མི་འདང་ས་མང་པོ་དང་དཀའ་ངལ་དང་འགྲན་སློང་མང་པོ་ཡོད་པ་ཡང་ངེས་པར་དུ་གསལ་པོར་མཐོང་དགོས།
ཞི་ཅིན་ཕིང་གིས་གསུང་དོན། ལོ་ལྔའི་རིང་ཁྱོན་ཡོངས་དང་གསར་གཏོད་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་རིང་རིམ་པ་གཏིང་ཟབ་ཅིང་རྩ་བའི་རང་བཞིན་ལྡན་པའི་སྒྱུར་བཅོས་བྱས་ཡོད། ལོ་ལྔའི་རིང་། རང་རེའི་ཏང་གིས་ཆབ་སྲིད་ཀྱི་དཔའ་སྟོབས་དང་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ། གཙོ་ཆེའི་བྱེད་ཐབས་རབ་དང་རིམ་པ་བཅས་བཏོན་པ་མ་ཟད་ད་དུང་གཙོ་ཆེའི་ལས་དོན་རབ་དང་རིམ་པར་སྐུལ་འདེད་ཡང་བཏང་བས། དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ་དང་། འདས་ཟིན་པའི་དུས་ཚོད་ནང་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་ལེགས་སྒྲུབ་ཐུབ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དེ་དག་ལས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་གཏིང་ཟབ་ཅིང་གལ་ཆེ་བའི་ཤུགས་རྐྱེན་ཐེབས་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། དུས་ཡུན་རིང་པོར་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་འདི་ནི། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གནས་བབ་གསར་པ་ཞིག་ཡིན། དེ་ལས་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་སྙོམས་པོ་མེད་པ་དང་ཆ་ཚང་པོ་མེད་པའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་བ་མཚོན་ཡོད། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་ནའང་ང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་གནས་སའི་ལོ་རྒྱུས་ཀྱི་དུས་མཚམས་ལ་བརྡར་ཤ་གཅོད་པ་དང་། རང་རྒྱལ་འདི་ཉིད་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་གནས་པ་དང་དུས་ཡུན་རིང་པོར་གནས་རྒྱུ་ཡིན་པའི་གཞི་རྩའི་རྒྱལ་བབ། རང་རྒྱལ་ནི་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གནས་བབ་བཅས་ལ་འགྱུར་ལྡོག་བྱུང་མེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་གནས་པའི་གཞི་རྩའི་རྒྱལ་བབ་འདི་ཁོང་དུ་བརྟན་པོར་ཆུད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་གནས་པའི་དོན་དངོས་ཆེ་ཤོས་འདིར་གཞི་བརྟན་པོར་འཛུགས་པ། ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་མི་དམངས་ཀྱི་བདེ་རྩ་ཡིན་པའི་ཏང་གི་གཞི་རྩའི་ལམ་ཕྱོགས་འདི་མཐའ་འཁྱོངས་བརྟན་པོ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་དང་མཐུན་སྒྲིལ་བྱས་ཐོག་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བཟུང་ནས་རྩ་བའི་རྩ་དོན་བཞི་དང་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་དང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ་བཅས་བྱས་ཏེ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱ་ཕྱིར་འབད་འཐབ་བྱེད་དགོས།
དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲིའི་སྐོར་ལ་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་ཆེ་ཤོས་དེ་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་དེ་ཏང་གི་ཕུགས་བསམ་ཆེ་ཤོས་དང་མཐར་ཐུག་གི་དམིགས་ཚད་དུ་བརྩིས་ནས། ཕྱི་བཤོལ་སྤུ་ཙམ་མི་བྱེད་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་ཁུར་བ་རེད། ད་ཆ་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་མངོན་འགྱུར་ཡོང་ཉེ་ཤོས་དང་། དེ་བས་ཡིད་ཆེས་དང་ནུས་པ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རླབས་ཆེན་གྱི་ཕུགས་འདུན་འགྲུབ་པར་ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་ཕུགས་འདུན་འགྲུབ་པར་ངེས་པར་དུ་རླབས་ཆེན་གྱི་འདུ་འགོད་གཏོད་པ། རླབས་ཆེན་གྱི་ཕུགས་འདུན་འགྲུབ་པར་ངེས་པར་དུ་རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་འབྲེལ་བ་དམ་ཟབ་དང་། ཕན་ཚུན་སྦྲེལ་མཐུད། ནུས་པ་ཐོན་རེས་བཅས་ལས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་མཁན་ནི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པ་ཡིན་པ་རེད།
ཞི་ཅིན་ཕིང་གིས“ཁ་གསལ་བརྒྱད”ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱས་བཤད་གནང་ཞིང་། ཁོང་གིས་གསུངས་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ཁ་གསལ་བསྟན་ཡོད་པ་དང་། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྨང་གཞིའི་ཐོག་གོམ་སྟབས་གཉིས་སུ་ཕྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་དེ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་རེད་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་དང་། ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་མཉམ་སྡེབ་བློ་གྲོས་ཀྱི་འབྲས་བུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་སླད་དུ་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཀྱང་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱང་གཏོང་དགོས།
ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས་གྲུབ་པའི“མཐའ་འཁྱོངས་བཅུ་བཞི”རྒྱས་བཤད་གནང་བ་སྟེ། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མི་དམངས་ཀྱིས་རང་ཐག་རང་གཅོད་བྱ་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་མ་ལག་མཐའ་འཁྱོངས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས། མི་དང་རང་བྱུང་ཁམས་དབར་ཞི་མཐུན་མཉམ་གནས་ཡོང་རྒྱུ་མཐའ་འཁྱོངས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བཅས་སོ། །
ཞི་ཅིན་ཕིང་གིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་སྐོར་གླེང་སྐབས་གསུངས་དོན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རེའི་ཏང་གིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་ནས“གོམ་སྟབས་གསུམ”གྱི་འཐབ་ཇུས་དམིགས་ཚད་བཏོན་པ་རེད། མི་དམངས་ཀྱི་ལྟོ་གོས་གནད་དོན་ཐག་གཅོད་དང་མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་ཆུ་ཚད་དུ་སླེབས་པའི་དམིགས་ཚད་གཉིས་པོ་དེ་སྔ་སྣུར་དུ་མངོན་འགྱུར་བྱེད་པ་དང་། ད་ལྟ་ནས་2020ལོ་བར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་ཡིན། ཚོགས་ཆེན་བཅུ་དགུ་པ་ནས་ཉི་ཤུ་པ་བར་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་སྣོལ་འབྲེལ་དུས་མཚམས་ཡིན་པས། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ལོ་བརྒྱའི་དམིགས་ཚད་དང་པོ་སྒྲུབ་དགོས་ལ། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་བཙུགས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་འཇུག་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། 2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་དུ་དུས་མཚམས་གཉིས་སུ་ཕྱེ་ནས་བཀོད་སྒྲིག་བྱེད་ཆོག དུས་མཚམས་དང་པོ་སྟེ། 2020ལོ་ནས་2035ལོ་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག་སླར་ཡང་ལོ་བཅོ་ལྔ་འབད་འཐབ་བྱས་ཏེ་རྩ་བའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཐུབ་རྒྱུ་དང་། དུས་མཚམས་གཉིས་པ་སྟེ། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རྩ་བའི་ཆ་ནས་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག་སླར་ཡང་ལོ་བཅོ་ལྔ་འབད་འཐབ་བྱས་ནས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་སྐྲུན་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། གསར་གཏོད་རྣམ་པའི་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་པ། གྲོང་གསེབ་ཀྱི་དར་རྒྱས་འཐབ་ཇུས་ལག་བསྟར། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་མི་དམངས་རང་ཐག་རང་གཅོད་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ནང་དོན་འཕེལ་རྒྱས་གཏོང་རྒྱུའི་ཐད་རྒྱས་བཤད་གནང་བ་སྟེ། གཅིག་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་བཅས་ནུས་ལྡན་གཅིག་གྱུར་བྱེད་དགོས་པ་དང་། གཉིས་ནི་མི་དམངས་རང་ཐག་རང་གཅོད་ལམ་ལུགས་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་པ། གསུམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་པ། བཞི་ནི་ཁྲིམས་ལྟར་རྒྱལ་སྐྱོང་ལག་ལེན་ཟབ་ཏུ་གཏོང་དགོས་པ། ལྔ་ནི་སྒྲིག་གཞི་དང་སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་པ། དྲུག་ནི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ་བཅས་རེད།
ཞི་ཅིན་ཕིང་གིས་བསྟན་དོན། རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གྲ་རྒྱས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་དགོས་པ། བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་གྲ་རྒྱས་དང་འཕེལ་རྒྱས་གཏོང་དགོས་པ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམངས་འཚོ་འགན་ལེན་དང་ལེགས་བཅོས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། ལས་ཞུགས་ཀྱི་སྤུས་ཚད་དང་མི་དམངས་ཀྱི་ཡོང་འབབ་ཆུ་ཚད་མཐོ་རུ་གཏོང་དགོས་པ། སྤྱི་ཚོགས་འགན་ལེན་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་དགོས་པ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བཀོད་པ་གཏོད་དགོས་པ། ནུས་ལྡན་ངང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
ཞི་ཅིན་ཕིང་གིས་བཏོན་དོན། སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ། སྣོད་བཅུད་མ་ལག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་ལྟ་སྐུལ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མཐའ་འཁྱོངས་བྱས་ཏེ་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས། སེམས་ཐག་གཙང་བཅད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ཁ་ཕྲལ་གྱི་ཡིད་སྐྱོ་བའི་ལོ་རྒྱུས་ཟློས་གར་བསྐྱར་འཁྲབ་བྱེད་དུ་འཇུག་མི་རུང་།
ཞི་ཅིན་ཕིང་གིས་བསྟན་དོན། ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ་རྒྱུན་ཆད་མེད་པར་ཏང་གི་སྲིད་འཛིན་ནུས་པ་ཆེ་རུ་དང་འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དེ་བཞིན་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི་ཕྱོགས་བརྒྱད་ཀྱི་ལས་འགན་གལ་ཆེན་བཏོན་གནང་བ་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་གནས་བབ་གལ་ཆེ་ཤོས་ཐོག་འཇོག་དགོས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཏང་ཡོངས་ལ་དྲག་ཆས་སྤྲས་དགོས་པ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་ཁག་སྐྲུན་དགོས་པ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་བཟང་སྒྲིག་ནན་བྱེད་དགོས་པ། རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཕྱོགས་ཡོངས་ནས་སྲིད་འཛིན་འཇོན་ཐང་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་སྙན་སྒྲོན་གནང་བའི་བརྒྱུད་རིམ་ནང་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།
ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་3000ལྷག་ཙམ་གྱིས་འགོ་ཚུགས་ཚོགས་འདུའི་གཟབ་རྒྱས་གནས་ཚུལ་བཅར་འདྲི་འཕྲིན་སྤེལ་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10