སི་ཁྲོན་སྐྱོང་བ་དང་དར་རྒྱས་གཏང་རྒྱུ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་།

ཞིང་ཆེན་ཏང་ཨུའི་ཧྲུའ་ཅི། ཝང་ཏུང་མིང་གིས།        2017-10-12

    ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་སི་ཁྲོན་དུ་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་བཏང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སི་ཁྲོན་འདི་ཉིད་རྒྱལ་ཡོངས་སྤྱི་ཡོངས་ཀྱི་གནས་བབ་གལ་ཆེན་ཐོག་བཞག་སྟེ་ཚད་མཐོནཔོའི་མཐོང་ཆེན་གནང་གི་ཡོད། 2013ལོའི་སྤྱི་ཟླ5པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་གཟིགས་ཞིབ་མཛུབ་ཁྲིད་གནང་བ་དང་། དེའི་རྗེས་སུ་ཞིང་ཆེན་ཏང་ཨུའི་ལས་དོན་སྙན་སེང་ལ་གསན་འཇོག་ཐེངས་མང་གནང་ནས་སི་ཁྲོན་གྱི་དཔལ་འབྱོར་གོང་འཕེལ་དང་། ཕྱོགས་ཡོངས་ནས་གསར་གཏོད་དང་བཅོས་བསྒྱུར། རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན། དབུལ་སྐྱོར་འགག་སྒྲོལ། གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་སྐྲུན། བོད་རིགས་ས་ཁུལ་གྱི་ལས་དོན། ཏང་འཛུགས་སྐྱོང་དང་ཚན་ཁག་གི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། ད་ལོའི་སྤྱི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་བྱེད་སར་ཕེབས་ནས་འཐུས་མི་ཚོར་འཚམས་འདྲི་གནང་བའི་དུས་མཚུངས་སུ་འཐུས་མི་རྣམས་དང་ལྷན་དུ་རྒྱལ་དོན་ལ་གྲོས་མོལ་མཛད་སྐབས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། གསར་གཏོད་གསར་སྐྲུན་ཏན་ཏིག་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་གཏོད་དགོས་ཞེས་ནན་བཤད་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དེ་སི་ཁྲོན་གྱི་ལས་ཀར་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་སར་བརྩིས་ནས་སི་ཁྲོན་སྐྱོང་བ་དང་དར་རྒྱས་གཏང་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླར་ཡང་བྱས་རྗེས་གསར་པ་འཇོག་བཞིན་ཡོད།

     གཡོ་འགུལ་སྤུ་ཙམ་མེད་པར་སི་ཁྲོན་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་གཞན་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

     ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བློ་ལ་བརྟན་པོར་ངེས་ནས་གོང་འཕེལ་གཏང་རྒྱུ་ནི་དོན་དམ་པ་ཡིན་པའི་འཐབ་ཇུས་ཀྱི་དགོངས་པ་མཐའ་འཁྱོངས་དང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་ཚུགས་ས་དེ་སྤུས་ཚད་མཐོ་འདེགས་དང་ཕན་འབྲས་ཆེ་རུ་གཏང་རྒྱུའི་ཐོག་བསྒྱུར་ཡོད། ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་ནན་ཏན་བྱས་ནས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་གཏང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཡོད། ལུའུ་ཧྲན་དུ་ས་ཡོམ་ཆེན་པོ་བྱུང་བ་སོགས་རང་བྱུང་གནོད་འཚེ་ཚབས་ཆེན་བྱུང་བའི་སྐབས་སུ་འཕྲལ་སྡོམ་ཉེན་སེལ་གྱི་ལས་དོན་བསྒྲུབས་རྗེས་ཞིང་ཆེན་ཡོངས་ཀྱི་ལས་ཀའི་གཙོ་གནད་ཅི་མགྱོགས་གང་མགྱོགས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ཐད་བསྒྱུར་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་མ་སྐུལ་དང་ལེན་གྱིས་འཚམ་པ་བྱས་ཏེ“ཕྱོགས་སྒྱུར་བྱས་ཚེ་གཞི་ནས་འཕེལ་རྒྱས་དེ་བས་ལེགས་པ་འགྲོ་བ་དང་། རྗེས་སུའང་མཐོ་ས་ནས་འགོ་བརྩམས་དགོས”ཞེས་བཏོན་ནས་དཔའ་བོས་རང་ལག་གཅོད་ཕོད་པའི་བློ་སྟོབས་ལ་བརྟེན་ནས་རྗེས་ལུས་ཐོན་ནུས་འདོར་བ་དང་། ངས་བྱས་རྗེས་རང་ལ་བདག་དགོས་མེད་པའི་ཆོད་སེམས་ལ་བརྟེན་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་རིམ་མཐོའི་འཕེལ་རྒྱས་རྣམ་པའི་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། བརྟན་ཁྲོད་འཕར་སྣོན། བཅོས་བསྒྱུར་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བྱེད་པ་དང་ལྷག་དོན་དུ་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ་སི་ཁྲོན་ཞིང་ཆེན་འདི་ཉིད་ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་ནས་ཞིང་ལས་སྟོབས་ཆེ་བའི་ཞིང་ཆེན་དུ་མཆོང་སྐྱོད་ཡོང་རྒྱུར་སྐུལ་འདེད་ཇེ་མགྱོགས་བཏང་ཡོད། ན་ནིང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི3.268ལ་ཟིན་པ་དང་ཐོན་ལས་གསུམ་པའི་བསྡུར་ཚད་ཐོན་ལས་གཉིས་པ་ལས་ཐེངས་དང་པོ་བརྒལ་ཏེ་དཔལ་འབྱོར་གྱི་གྲུབ་ཆ“གཉིས་གསུམ་གཅིག”ནས“གསུམ་གཉིས་གཅིག”གི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།

     “ཕར་ཆིན་རྒྱག་པའི”སྙིང་རུས་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་བླངས་པ།

       དབུལ་ཐར་འགག་སྒྲོལ་རྗེས་སུ་དེ་ཙམ་སླེབས་ཚེ་དཀའ་ཚེགས་དེ་བས་ཆེ་བ་ཡོད་པས་དེ་བས་འགན་འཁྲི་ནན་དུ་གཏོང་བ་དང་། གནད་སྨིན་ཇུས་འདོན་བྱེད་པ། ལས་དོན་ཞིབ་ཕྲ་སྤེལ་བ་བཅས་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་དགོས”ཞེས་བླང་བྱ་གསལ་པོ་བཏོན་གནང་ཡོད། སི་ཁྲོན་ཞིང་ཆེན་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གཙོ་གནད་དེ་གྲོང་གསེབ་དང་དཀའ་གནད་དེ་ས་ཁུལ་དབུལ་པོར་ཡོད་པ་དང་ལྷག་དོན་དུ་དབྱིས་རིགས་ས་ཁུལ་དང་བོད་རིགས་ས་ཁུལ་སོགས་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་ཡོད། ཞིང་ཆེན་ཏང་ཨུའི་སྤྱི་ཡོངས་ནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་དུས་མཚུངས་སུ་དམངས་འཚོའི་ཞན་ཆ་ནུས་ལྡན་གསབ་སྟེ་ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་བྱ་རྒྱུ་དེ་དོན་ཆེན་གལ་ཆེན་ཞིག་ལ་བརྩིས་ནས་དབུལ་ཐར་འགག་སྒྲོལ་བྱ་རྒྱུ་མི་བརྗེད་པ་དང་རང་ཉིད་ཀྱི་སྒེར་འདོད་ཁྱད་བསད་དང་ཚོད་འཛིན་བྱས་ཏེ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”  “ཡག་པོ་བཞིའི”དམིགས་ཚད་གཏན་འཁེལ་དང་། “གནད་སྨིན་དྲུག”། “གཅིག་ཅན་ལྔ”དང་གྲོང་སྡོད་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱེད་པ། “ཐེབས་རྩ་ཁག་བཞི”འཛུགས་རྒྱུ་གསར་གཏོད། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་ལས་དོན་ལེགས་པོ་སྒྲུབ་པ།   ཞིང་ཆེན་རིམ་པའི་འགོ་ཁྲིད་དང་རིམ་པ་ཁག་གི་ལས་བྱེད་པས་རེས་སྐོར8ཀྱི་ཁྱོན་ཡོངས་ལ་ཁྱབ་པའི་བརྟག་ཞིབ་མཛུབ་ཁྲིད་ལས་དོན་སྤེལ་བ་བཅས་བྱས་ཡོད།   ལྷག་དོན་དུ་བོད་རིགས་ས་ཁུལ་དང་དབྱིས་རིགས་ས་ཁུལ་དེ་ཉིད་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཤིན་ཏུ་དབུལ་པོའི་རྫོང་དབུལ་པོར་དམིགས་ཏེ།   དབྱིས་རིགས་ས་ཁུལ་དུ“དབུལ་སྐྱོར་འདུ་འགོད་བཅུ”ལག་ལེན་བསྟར་བ་དང་། དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་ཁག17དོན་འཁྱོལ་བྱེད་པ།  བོད་རིགས་ས་ཁུལ་དུ“དམངས་འཚོའི་འདུ་འགོད་འཆར་གཞི་དྲུག”ཁྱབ་སྤེལ་གཏོང་བ་བཅས་བྱས་ཏེ་དབུལ་པོ་མང་ཚོགས་སྡོད་ཁང་ཡག་པོར་སྡོད་ཐུབ་པ་དང་།   འཚོ་བ་ཡག་པོ་རོལ་ཐུབ་པ།   གོམས་གཤིས་བཟང་པོ་ཆགས་པ། རྣམ་པ་བཟང་པོ་ཆགས་པ་བཅས་བྱས་ཡོད།   ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་དབུལ་པོ་མི་འབོར2012ལོའི་ལོ་མཇུག་གི་མི་ཁྲི750ནས2016ལོའི་ལོ་མཇུག་གི་མི་ཁྲི272བར་ཉུང་དུ་ཕྱིན་པ་དང་།   དབུལ་པོར་འགྱུར་ཚད་བརྒྱ་ཆ11.5ནས་བརྒྱ་ཆ4.3ཐོག་མར་ཆག་སྟེ་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

       སེམས་ཐག་གཙང་བཅད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་བ།

       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆབ་སྲིད་ཀྱི་ཁོར་ཡུག་ནི་ང་ཚོས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་ནུས་ལྡན་བྱུང་ཡོད་མེད་ལ་ཞིབ་དཔྱད་བྱེད་སའི་ཚད་གཞི་གལ་ཆེན་ཞིག་རེད། དེར་བརྟེན་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ《ཚད་གཞི》དང《སྲོལ་ཡིག》ལག་ལེན་བསྟར་ཏེ་དབང་ཆ་སྤྱོད་པའི“ཁ་ཕྱོགས་སྒྱུར་བྱེད”ཡག་པོ་སྤྱོད་པ་དང་། སྤྱོད་གཙང་གི“བདེ་འཇགས་ཀྱི་སྐེད་རགས”ཡག་པོ་འཆིང་བ། སྤྱོད་ངན་དོར་བ་དང་སྤྱོད་གཙང་དར་སྤེལ། དགེ་སྤེལ་སྐྱོན་སྤོང་བཅས་བྱས་ཏེ་མ་སྐུལ་རང་མོས་ཀྱིས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་ཆེད་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་ལེགས་སྐྱེས་འབུལ་དགོས་ཞེས་མཛུབ་སྟོན་གནང་ཡོད།

       ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་གཏན་འཁེལ་བྱས་པའི་དམིགས་ཡུལ་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱས་ཏེ། སི་ཁྲོན་སྐྱོང་བ་དང་དར་རྒྱས་གཏང་རྒྱུ་དེ་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླར་ཡང་བྱས་རྗེས་གསར་པ་འཇོག་པ། མཛེས་སྡུག་དང་། དར་རྒྱས། འཆམ་མཐུན་གྱི་སི་ཁྲོན་འཛུགས་སྐྱོང་ཇེ་མགྱོགས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་དགོས།།   


  • ལེ་ཚན་སྔོན་མ།:གཞི་གྲངས་ལས་མཚོན་པའི་གྲུབ་འབྲས།
  • ལེ་ཚན་རྗེས་མ།:《བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་གྲངས་གཞིའི་བང་མཛོད》ལོ་འདིའི་ནང་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།