2017-10-12
2016ལོའི་ལོ་མཇུག་བར་བཅོས་བསྒྱུར་གྱི་ལས་འགན་ཁག256ནས་ལས་འགན་ཁག102ལེགས་འགྲུབ་བྱུང་བ་དང་ད་ལོ107འགྲུབ་རྒྱུ་རེད།
2013ལོའི་སྤྱི་ཟླ11པར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་རྒྱུའི་ཐད་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་ཡོད།
འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ནུབ་རྒྱུད་ཀྱི་ཞིང་ཆེན་ཆེ་གྲས་ཡིན་པའི་སི་ཁྲོན་གྱིས་གོམ་ཞེང་ཆེན་པོས་དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་རྗེས་སུ་བསྙེགས་ཏེ་ནུབ་རྒྱུད་གསར་སྦོལ་དང་སྒོ་འབྱེད་ཀྱི་མདུན་གྲལ་དུ་བསྐྱོད་ཐུབ་པ་བྱེད་པར་འགག་རྩ་ནི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་རྒྱུར་ཐུག་ཡོད།
2014ལོའི་སྤྱི་ཟླ2པར་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་རྒྱུའི་གཏན་འབེབས་བྱས་ཡོད།
ད་ལོའི་སྤྱི་ཟླ་དང་པོའི་ཚེས18ཉིན་གྱི་སྔ་དྲོར། ཁྲེང་ཏུའུ་རུ་སྔར་དང་མི་འདྲ་བའི་སྒོ་བྱང་སྤྲོད་པའི་མཛད་སྒོ་ཞིག་འཚོགས་ཤིང་། བཙུགས་ནས་ལོ་མང་སོང་བའི་སི་ཁྲོན་ཞིང་ཆེན་ཚོང་ལས་མ་དངུལ་གཏོང་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་འགན་འཁུར་བས་གཙོ་སྐྱོང་བའི་ལག་ནས་སྤྱི་གཉེར་ཁང་གི་ད་ཡོད་ཀྱི་མིང་དང་གཅིག་མཚུངས་ཀྱི་སྒོ་བྱང་གསར་པ་ཞིག་བླངས་ཤིང་། “མིང་གཅིག་པ་ཡིན་ཡང་ནང་དོན་འདྲ་བ་མ་རེད། སྒོ་བྱང་སྤྲད་པར་བརྒྱུད་སི་ཁྲོན་ཚོང་ལས་མ་དངུལ་གཏོང་འཇོག་ཚོགས་པ་བསྐྱར་སྒྲིག་ཐེངས་གཉིས་པ་བྱས་ནས་དངོས་ཟོག་ཚོགས་པ་དང་ཕྱི་ཚོང་ཚོགས་པ་སོགས་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས4དེ་ཚང་མ་ཟླ་སྒྲིལ་བཏང་ནས་ཕྱི་ཚོང་ཚོགས་པའི་སྒྲིག་གཞིའི་ལམ་སྲོལ་བཅོས་བསྒྱུར་དང་དབུལ་སྒྲོལ་སྟོབས་ཆེ་ཡོང་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད”ཅེས་ངོ་སྤྲོད་བྱས།
སི་ཁྲོན་ཚོང་ལས་མ་དངུལ་གཏོང་འཇོག་ཚོགས་པའི“དོན་ཆུང”དེའི་ཐོག་ནས་ཞིང་ཆེན་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་གྱི་བཀོད་པ་ཆེན་མོ་མཚོན་ཞིང་། ལོ3ལྷག་ཙམ་རིང་སི་ཁྲོན་གྱིས་གཞུང་ཁོངས་མ་རྩའི་བཀོད་པ་རྒྱུན་ཆད་མེད་པར་ལེགས་ཆ་དང་། དེང་རབས་ཁེ་ལས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་། རྒྱུ་ནོར་བདག་དབང་སྣེ་མང་ཅན་ལ་ཚད་བརྒལ་གསར་པ། གཞུང་ཁོངས་རྒྱུ་ནོར་ལྟ་སྡོམ་སྒྲིག་གཞི་སྔར་བས་འཐུས་ཚང་བཅས་ཡོང་བའི་དམིགས་ཚད་ཆེན་མོ་བཞིར་དམིགས་ཏེ་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་གཏིང་ཟབ་ཏུ་ཤུགས་ཆེན་བཏང་ཡོད། ཞིང་པའི་ངོས་ནས་བརྗོད་ན་ཐོབ་ཚོར་ནི་དངུལ་ཁུག་ལྗིད་ཏིག་ཏིག་ཡོང་བ་བྱ་རྒྱུ་དེ་རེད།
ན་ནིང་སི་ཁྲོན་གྱིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་གི་དབང་ཆ་གཏན་འཁེལ་བྱེད་པའི་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་བྱས་པའི་ལས་ཀ་དེའི་མྱུར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཚན་ཞིབ་མི་སྣའི་ངོས་ནས་བརྗོད་ན་ཐོབ་ཚོར་ནི་གྲུབ་འབྲས་རྣམས་གཞན་སྒྱུར་ལམ་ལྷོངས་བྱུང་བའི་ཚོར་སྣང་དེ་རེད།
ན་ནིང་ཞིང་ཆེན་ཚན་རྩལ་ཐིང་སོགས་སྡེ་ཚན་གྱིས་མཐོ་རིམ་སློབ་གླིང་གི་གཙོ་གནད་ཚན་ཞིབ་གྲུབ་འབྲས་ཁག3009བརྒྱུད་རིམ་ལྡན་པའི་ངང་མཐིལ་རྟོགས་གསེད་བཀྲོལ་བྱས་པ་དང་། གྲུབ་འབྲས་གཞན་སྒྱུར་གྱི་མཁོ་སྤྲོད་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོར་འདོད་འདུན་གན་རྒྱའི་ལས་གཞི་ཁག་1000ལྷག་ཙམ་འཇོག་རྒྱུར་སྐུལ་འདེད་བཏང་བར་གན་འཇོག་གི་དངུལ་གྲངས་བསྡོམས་འབོར་སྒོར་དུང་ཕྱུར400ལ་ཟིན་ཡོད།
གསར་འགོད་པས་སི་ཁྲོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་བཅོས་བསྒྱུར་ཟབ་གཏོང་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས37པའི་ཐོག་གྲོས་ཞིབ་དང་གྲོས་འཆམ་བྱུང་བའི་ཆེད་དོན་བཅོས་བསྒྱུར་ཇུས་གཞི236ཡོད་པའི་ནང་སི་ཁྲོན་དང་སྦྲེལ་མཐུད་བྱ་དགོས་པ198ཡོད་པ་དེ་དག་མིག་སྔར་ཚང་མ་སྦྲེལ་མཐུད་བྱེད་ཁོངས་ནང་བཅུག་ཡོད།
ལོ3ལྷག་ཙམ་རིང་། སི་ཁྲོན་གྱིས་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་གཏོང་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་ཚོགས་འདུ། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ། ཆེད་དོན་ཚོ་ཆུང་ཁག་གི་ཚོགས་འདུ་བཅས་ཀྱི་ཐོག་ཆེད་དོན་བཅོས་བསྒྱུར་གྱི་ཇུས་གཞི་ཁྱོན350ལྷག་ཙམ་ལ་གྲོས་ཞིབ་བྱས་ནས་བཏོན་པའི་ཁྲོད། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་གཏོང་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུའི་ཐོག་ཆེད་དོན་བཅོས་བསྒྱུར་གྱི་ཇུས་གཞི150གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་བཅོས་བསྒྱུར་བྱས་རྗེས་ཀྱི་ལོ་གསུམ་རིང“རྨང་གཞི་བརྟན་གཏོང་དང་ལས་སྟེགས་གཏོད་པ་དང་། ཀ་བ་འཛུགས་པ་དང་གདུང་མ་སྒྲིག་པ། བཅོས་བསྒྱུར་གྱི་སྒྲོམ་གཞི་གཙོ་བོ་འཛུགས་པ”བཅས་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་དུས་མཚམས་རང་བཞིན་གྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་བ་དང་། ན་ནིང་གི་ལོ་མཇུག་བར་ཞིང་ཆེན་ཏང་ཨུས་ཆེད་དོན་བཅོས་བསྒྱུར་ལས་འགན256ནང་ནས102ལེགས་སུ་གྲུབ་པ་དང་ད་ལོར107བསྒྲུབ་རྒྱུ་ཡིན་པ་དེ་ནི་བཅོས་བསྒྱུར་གྱི་སྤྱིའི་འཕེལ་རིམ་གྱི་བླང་བྱ་དང་འཚམ་པ་ཞིག་ཡིན་པ། ཆེད་དོན་བཅོས་བསྒྱུར་གྱི་ཆེད་དོན་ཇུས་གཞི31ནང་གཏན་འཁེལ་བྱས་པའི་ལས་འགན་གཞི་རྩའི་ཆ་ནས་གྲུབ་པར་མ་ཟད་རྩིས་ཐོ་ཡང་བསུབས་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10