2017-10-03
ཆོས་དབྱིངས་སྐྱིད་ཀྱིས་སུའུ་ཀྲོའུ་ཝུ་ཀྲུང་རྒྱལ་སྤྱིའི་འདུར་འགྲོས་མུའུ་ཏུའུ་ས་ཚིགས་ཀྱི་ཨང་དང་པོ་བླངས།
སྤྱི་ཟླ9བའི་ཚེས25ཉིན། 2017ལོའི་ཀྲུང་གོའི་སུའུ་ཀྲོའུ་གྲོང་ཁྱེར་ཝུ་ཀྲུང"ཐའེ་ཧུའུ་མཚེའུ་བསྐོར་བའི"རྒྱལ་སྤྱིའི་འདུར་འགྲོས་དང་འགྲོ་སྐྱོད་ཉིན་མང་འགྲན་བསྡུར་གྱི་མུའུ་ཏུའུ་ས་ཚིགས་ཀྱི་སྐྱེས་མའི་སྤྱི་ལེ10ཡི་འགྲན་བསྡུར་ནང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་ས་ཚིགས་འདིའི་འགྲན་ཚན་གྱི་ཨང་དང་པོ་བླངས་པ་རེད།
ཐེངས་འདིའི་འགྲན་བསྡུར་ནི་ཟླ9བའི་ཚེས24ཉིན་མགོ་ཚུགས་ཡོད་ལ། དུས་ཡུན་ཉིན་བཞི་ཡིན་ཞིང་། འགྲན་བསྡུར་དུ་ཨོ་སི་ཁྲུ་ལི་ཡ་དང་། ཨ་ཧྥེ་རི་ཁ་ལྷོ་མ། ཡུག་རེན། པར་ཙིར། དབྱི་ཐ་ལི། སི་ཕེན། ཁོ་ལོམ་པི་ཡ་སོགས་ཀྱི་རྒྱལ་ཁབ་དང་ས་ཁུལ28ནས་ཡོང་བའི་རྒྱལ་སྤྱིའི་ལུས་རྩལ་པ90དང་། དེ་བཞིན་ཀྲུང་གོའི་རྒྱལ་ཁབ་རུ་ཁག་དང་ཞིང་ཆེན་ཁག་གི་འཐུས་ཚབ་རུ་ཁག་བཅས་ཀྱི་ཆེད་ལས་ལུས་རྩལ་པ260ཞུགས་ཡོད་པ་རེད།
ཚེས25ཉིན། མུའུ་ཏུའུ་ས་ཚིགས་ཀྱི་སྐྱེས་མའི་སྤྱི་ལེ10ཡི་འགྲན་བསྡུར་ནང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་སྐར་མ42:46གི་ཐོག་ནས་ས་ཚིགས་འདིའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་། ཁོ་མོའི་རུ་གྲོགས་ཀླུ་མོ་མཚོ་ཡིས་སྐར་མ43:42ཀྱི་ཐོག་ནས་ཨང་བདུན་པ་བླངས་པ་རེད། ཚེས26ཉིན། ཆོས་དབྱིངས་སྐྱིད་དང་ཀླུ་མོ་མཚོ་གཉིས་ཡོན་པོ་ཡོན་ས་ཚིགས་ཀྱི་སྐྱེས་མའི་སྤྱི་ལེ10.5ཡི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
ཤེས་རྟོགས་བྱུང་གསལ་དུ། སྐབས་འདིའི་འགྲན་བསྡུར་ལ་ཆེད་ལས་ཚོགས་ཆུང་དང་། གཞོན་ནུ་ལོ་ཆུང་ཚོགས་ཆུང་། ཐའེ་ཧུའུ་མཚེའུ་ཡི་རྐང་ཐང་མར་རབ་དགའི་རོལ་ཚོགས་བཅས་རྣམ་གྲངས་གསུམ་བཙུགས་ཡོད་ཅིང་། ཁྱོན་བསྡོམས་མི་གྲངས17000ཞུགས་ཡོད་ལ། འགྲན་བསྡུར་གྱི་ཚད་གཞི་དང་གཞི་རྒྱར་བལྟས་ན་སྔོན་མའི་སྐབས་ཁ་ཤས་ལས་གཞི་རྒྱ་ཆེ་བ་རེད། ཆེད་ལས་ཚོགས་ཆུང་དང་གཞོན་ནུ་ལོ་ཆུང་ཚོགས་ཆུང་གཉིས་ནི་སྔོན་ཆད་ནང་བཞིན་ས་ཚིགས་བགོས་ནས་འགྲན་བསྡུར་བྱ་ཐབས་སྤྱོད་རྒྱུ་སྟེ། ས་ཚིགས་སུ་ཐའེ་ཧུའུ་མཚེའུ་ས་ཚིགས་དང་། མུའུ་ཏུའུ་ས་ཚིགས། ཡོན་པོ་ཡོན་ས་ཚིགས། ཏུང་ཧྲན་ས་ཚིགས་བཅས་ཡོད་པ་རེད། ཆེད་ལས་ཚོགས་ཆུང་གི་ཐའེ་ཧུའུ་མཚེའུ་ས་ཚིགས་ནི་སྤྱི་ལེ20ཡིན་པ་དང་། མུའུ་ཏུའུ་ས་ཚིགས་ནི་སྤྱི་ལེ10ཡིན་པ། ཡོན་པོ་ཡོན་ས་ཚིགས་ནི་སྤྱི་ལེ10.5ཡིན་པ། ཏུང་ཧྲན་ས་ཚིགས་ནི་སྤྱི་ལེ10རེད། གཞོན་ནུ་ལོ་ཆུང་ཚོགས་ཆུང་ཀྱི་ཐའེ་ཧུའུ་མཚེའུ་ས་ཚིགས་ནི་སྤྱི་ལེ10ཡིན་པ་དང་། མུའུ་ཏུའུ་ས་ཚིགས་ནི་སྤྱི་ལེ་6ཡིན་པ། ཡོན་པོ་ཡོན་ས་ཚིགས་ནི་སྤྱི་ལེ7ཡིན་པ། ཏུང་ཧྲན་ས་ཚིགས་ནི་སྤྱི་ལེ4.3རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10