2017-10-03
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་སྤྱི་ཟླ10པའི་ཚེས18ཉིན་པེ་ཅིན་དུ་འཚོག་རྒྱུའི་གཏམ་བཟང་མངའ་རིས་ས་ཁུལ་དུ་ཁྱབ་པས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དགའ་ཚོར་ཆེན་པོ་བྱུང་བ་དང་། ཚང་མས་སྤྲོ་སེམས་ཆེན་པོས་རང་འཁྲིའི་ལས་དོན་ཏན་ཏིག་སྒྲུབ་ནས་སླར་ཡར་གྲུབ་འབྲས་བཟང་པོ་བཏོད་དེ་དོན་དངོས་བྱ་སྤྱོད་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་གི་ཡིན་ཞེས་བཤད་པ་རེད།
ཉིན་ཤས་རིང་། སྤུ་ཧྲེང་རྫོང་བར་ག་ཤང་གི་ཤང་ཀྲང་གཞོན་པ་ཀྲང་ཞའོ་ཅུན་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་སྐབས་བརྗེའི་འདེམས་བསྐོ་དང་དབུལ་སྐྱོར་གནད་འཕིགས་ཀྱི་ལས་ལ་བྲེལ་བཞིན་ཡོད། ཁོང་གིས་ལས་ཀ་མང་པོ་ཞིག་ཏང་གི་ཚོགས་ཆེན་བཅུ་དགུ་པ་མ་ཚོགས་གོང་ནས་ངེས་པར་ཚར་བ་བྱེད་དགོས་ཀྱི་ཡོད་པས་བྲེལ་བ་ཧ་ཅང་ཆེན་པོ་འདུག ཡིན་ན་ཡང་ལས་ཀ་དེ་ཚོ་དོན་སྙིང་ལྡན་པ་ཞིག་རེད། ང་ཚོའི་འབད་བརྩོན་འོག་བར་ག་ཤང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད་པས་ང་ཚོའི་སེམས་ནང་སྤོབས་པ་སྐྱེས་ཀྱི་འདུག་ཅེས་བཤད་པ་རེད།
ཁམས་བདེ་སྡེ་ཁུལ་ནི་མངའ་རིས་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་གནས་སྤོས་དབུལ་སྐྱོར་གྱི་གཅིག་བསྡུས་བཀོད་སྒྲིག་ཁུལ་ཞིག་ཡིན་པ་དང་། དེང་སྐབས་དེ་གར་མང་ཚོགས་དུད་ཚང350སྤོས་ཟིན་པ་རེད། ཉིན་ཤས་གོང་རྒན་ཡོལ་ཞུས་པའི་ལས་བྱེད་པ་མིག་དམར་ཚེ་རིང་གིས་ཁོང་གི་པར་ལེན་བརྩམས་བྱ38འཁྱེར་ནས་ཁམས་བདེ་སྡེ་ཁུལ་དུ་སྒེར་གྱི་པར་ལེན་འགྲེམ་སྟོན་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཕྱག་རྟགས་སུ་ཕུལ་བ་རེད། མིག་དམར་ཚེ་རིང་གིས་པར་ལེན་བརྩམས་བྱ་བརྒྱུད་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་མངའ་རིས་ས་ཁུལ་ལ་བྱུང་བའི་གོང་འཕེལ་དང་འགྱུར་ལྡོག་ཆེ་མོ་ཤེས་རྟོགས་ཐུབ་པ་མ་ཟད། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་འགྲོ་རྒྱུ། འབད་བརྩོན་ཆེར་སྐྱེད་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་ངང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འདུ་ཤེས་དང་བསམ་པ་དེ་བས་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་བཤད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10