དོན་དངོས་ལ་དམིགས་ཤིང་རྨང་གཞི་ལེགས་པོ་བཏིང་སྟེ་འཕྲིན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བརྟན་པོར་གཏང་དགོས།

སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས།        2020-09-18

དོན་དངོས་ལ་དམིགས་ཤིང་རྨང་གཞི་ལེགས་པོ་བཏིང་སྟེ་འཕྲིན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བརྟན་པོར་གཏང་དགོས།

རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་ཐོག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བགྲོ་གླེང་གྲོས་ཚོགས་ཀྱི་དངོས་བྲིས། (གསུམ།)

དོན་དངོས་ལ་དམིགས་ཤིང་རྨང་གཞི་ལེགས་པོ་བཏིང་སྟེ་འཕྲིན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བརྟན་པོར་གཏང་དགོས།
 

སྤྱི་ཟླ8པའི་ཚེས2ནས6ཉིན་བར་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་འཚོགས་ཤིང་། ཚོགས་ཞུགས་འཕྲིན་སྦྱོར་ལས་ཁུངས་བདུན་གྱིས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱས་ཤིང་། དེ་ལས་མཚོ་ལྷོ་ཚགས་པར་ཁང་གི་མགོ་གཙོ་དབྱང་ཁྲེན་ཏེ་ཡིས་དོན་དངོས་ལ་དམིགས་ཤིང་རྨང་གཞི་ལེགས་པོ་བཏིང་སྟེ་འཕྲིན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བརྟན་པོར་གཏང་དགོས་ཞེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས་པ་རེད།

གཅིག འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་ཕྱོགས།

དབྱང་ཁྲེང་ཏེ་ཡིས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་ཕྱོགས་སྐོར་གླེང་བའི་ཚེ་བཤད་དོན། སྲོལ་རྒྱུན་འཕྲིན་སྦྱོར་དང་འཕྲིན་སྦྱོར་གསར་པ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་ནི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཏང་གི་ཚགས་པར་ཚུལ་བསྒྱུར་རིམ་སྤར་བྱེད་པའི་འགྲོ་ལམ་ངེས་ཅན་ཡིན་ཞིང་། འཕྲིན་སྦྱོར་གནས་བབ་ལ་ལེགས་སྒྲིག་ཆེན་པོ་སོང་བ་དང་གླེང་ཕྱོགས་ཁོར་ཡུག་ལ་འཕོ་འགྱུར་ཆེན་པོ་སོང་བར་བརྟེན། ས་ཁུལ་དང་གྲོང་ཁྱེར་གྱི་ཏང་གི་ཚགས་པར་གྱི་འཕེལ་རྒྱས་གནས་བབ་དང་འཕེལ་རྒྱས་ཀྱི་བར་གསེང་། འཕེལ་རྒྱས་གཏོང་སྟངས་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གཙོ་བོ་ནི་དོན་དངོས་ལ་དམིགས་ཤིང་རྨང་གཞི་ལེགས་པོ་བཏིང་སྟེ་འཕྲིན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བརྟན་པོར་གཏང་རྒྱུ་དེ་ཡིན་ཞིང་། དེ་ཡང་གསལ་པོར་བཤད་ན། གསར་འགོད་པ་དང་རྩོམ་སྒྲིག་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་བོད་རྒྱ《མཚོ་ལྷོ་ཚགས་པར》གྱི་སྤུས་ཚད་མཐོར་འདེགས་གཏོང་གང་ཐུབ་བྱེད་པའི་རྨང་གཞིའི་ཐོག ས་གནས་དེ་གའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། འཕྲིན་སྦྱོར་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་ཞིང་སྲོལ་རྒྱུན་གྱི་ཁྱབ་སྒྲོག་བྱེད་ཐབས་བསྒྱུར་ཏེ། སྲོལ་རྒྱུན་འཕྲིན་སྦྱོར་དང་དྲ་བའི་འཕྲིན་སྦྱོར། ལག་ཁྱེར་ཁ་པར་གྱི་འཕྲིན་སྦྱོར། སྤྱི་ཚོགས་འབྲེལ་འདྲིས་ཀྱི་འཕྲིན་སྦྱོར་བཅས་བར་མཉམ་འདུས་མཉམ་འཇུག་ཡོང་བ་དང་། འཕྲིན་སྦྱོར་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བ། ལས་རིགས་ལས་བརྒལ་བ་བཅས་ཀྱི་མཉམ་གཉེར་བྱེད་སྟངས་བརྒྱུད་དེ། གསར་འགྱུར་ཆ་འཕྲིན་འདྲི་རྩད་ཚན་རྐྱང་དང་ཁ་ཐོར་བ་རྣམས་ཞིབ་བསྡུས་ཅན་དང་གཞི་ཁྱོན་ཅན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་སྤེལ་བྱེད་ཅིང་། ཁྱབ་ཁོངས་དེ་བས་ཆེན་པོར་རྒྱུན་སྲིང་དང་ཁྱབ་སྒྲོག་བྱས་ཏེ། སྤྱི་ཚོགས་ཀྱི་ཕན་འབྲས་ཆེས་ཆེ་བ་འཐོབ་པར་བྱ་རྒྱུ་དེ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་ལྷོ་ཚགས་པར་ཁང་གིས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཐད་ལ་འཚོལ་ཞིབ་གོ་ཆོད་པོ་བྱས་པ་སྟེ། 2015ལོ་ནས་བཟུང་འཕྲིན་སྦྱོར་གསར་པའི་འཕེལ་རྒྱས་ལོ་དང་རྩོམ་སྒྲིག་པ་དང་གསར་འགོད་པའི་བྱང་ཚད་མཐོར་འདེགས་ལོ་སོགས་ཀྱིས་མཚོན་པའི་ལོ་རེར་གཙོ་དོན་རེ་གཏན་འཁེལ་བྱས་ནས་ལོ་རེའི་དམིགས་འབེན་ཚད་དཔོག་ལྟར་གསར་འགྱུར་ཇུས་འགོད་དང་འགོད་སྟངས། དེ་བཞིན་གསར་འགྱུར་བཅར་འདྲི་དང་རྩོམ་སྒྲིག་བཅས་ཀྱི་ཐད་ལ་ལེགས་སྒྲིག་ངེས་ཅན་བྱས་པ་དང་སྦྲགས། འཕྲིན་སྦྱོར་གསར་པ་འཁོར་སྐྱོད་ཐད་ལ་ཡང་ཇུས་འགོད་འོས་འཚམ་བྱས་པ་རེད། 2009ལོར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཚགས་པར་གྱི་སྔོན་ལ་ལག་ཁྱེར་ཁ་པར་ཚགས་པར་བཟོས་པ་ནས2018ལོར་མཚོ་ལྷོ་ཁུལ་གསར་འགྱུར་དྲ་བ་དང་གསར་འགྱུརAPPདྲྭ་ཐོག་ཏུ་དངོས་སུ་འཁོར་སྐྱོད་བྱུང་བའི་བར། གསར་འགྱུར་ཐེངས་གཅིག་སྡུད་ལེན་བྱས་རྗེས་ཐོན་རྫས་སྣ་མང་གྲུབ་པ་དང་། བརྒྱུད་ལམ་སྣ་མང་མཉམ་འདྲེས་ཡོང་བ། འཕྲིན་སྟེགས་སྣ་མང་མཉམ་འཇུག་བྱེད་པ། ས་གནས་ཀྱི་ཁྱད་ཆོས་ཡོད་པ་བཅས་ཀྱི་འཕྲིན་སྦྱོར་མཉམ་འདྲེས་ཀྱི་བཅའ་འདྲི་དང་རྩོམ་སྒྲིག་བྱེད་སྟངས་ལྟར་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་མཉམ་འདྲེས་འཕེལ་རྒྱས་ཀྱི་འཕྲིན་སྦྱོར་ཀུན་འདུས་ཀྱི་བཅར་འདྲི་དང་རྩོམ་སྒྲིག་གཞི་སྟེགས་སྐྲུན་ཞིང་དཔུང་སྡེ་བསྐྱངས་ཏེ། ཚགས་པར་གཉིས་དང་དྲ་བ་གཅིག འཕྲིན་ཕྲན་གཉིས། APPགཅིག འཆར་འཕྲུལ་གཅིག་བཅས་འཛོམས་པའི་འཕྲིན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་གནས་བབ་ཅིག་ཆགས་པ་དང་། ལྷག་པར་བརྙན་ཐུང་དང་ཡུལ་དངོས་དྲྭ་ཐོག་ཐད་གཏོང་གི་ལེ་ཚན་གཉིས་ལ་ལྟ་ཉན་བྱེད་མཁན་གྱི་དགའ་བསུ་ཐོབ་ཡོད།

གཉིས། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལག་ལེན་དང་ཉམས་མྱོང་།

དབྱང་ཁྲེང་ཏེ་ཡིས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ ལག་ལེན་དང་ཉམས་མྱོང་སྐོར་གླེང་བའི་སྐབས་སུ་བཤད་དོན། གཅིག་ནི་མཚོ་ལྷོ་ཚགས་པར་ཁང་གི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། གོང་རིམ་དང་སྤུན་ཟླའི་འཕྲིན་སྦྱོར་བར་གྱི་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཡོད། སློབ་བརྩོན་རྒྱལ་དར་གཞི་སྟེགས་དང་ཞིན་ཧྭའི་གསར་འགྱུར་མཚར་ཤོས། ཅང་སུའུ་གསར་འགྱུར་འདུས་མདོ་སོགས་ཀྱི་འཕྲིན་སྦྱོར་མཉམ་འདྲེས་ཀྱི་གསར་འགྱུར་ཆ་འཕྲིན་བཟོ་སྟངས་ཀྱི་ཉམས་མྱོང་སློབ་སྦྱོང་བྱས་ཤིང་། བློ་ཁོག་ཆེན་པོས་ལག་ལེན་བྱས་ཏེ་རང་གི་གསར་རྩོམ་བརྩམས་ཆོས་ཟམ་མི་ཆད་པ་བཀོད་ཡོད། དེ་བཞིན་མཚོ་སྔོན་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཏང་གི་འཚོ་བའི་དུས་དེབ། མི་དམངས་དྲ་བ་མཚོ་སྔོན་འཕྲིན་ལམ། ཀྲུང་ཞིན་དྲ་བ་མཚོ་སྔོན་འཕྲིན་ལམ་སོགས་ཞིང་ཆེན་ཕྱི་ནང་གི་འཕྲིན་སྦྱོར་དུ་མ་དང་སྤེལ་རེས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ་གསར་འགྱུར་གལ་ཆེན་དུས་ཐོག་ཕྱི་ལ་བསྒྲགས་ནས་ཁྱབ་སྒྲོག་ནུས་པ་ཇེ་ཆེར་བཏང་ཡོད། གཉིས་ནི་འཕྲིན་སྦྱོར་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་ཁུར་ནས་སྤྱི་ཕན་བྱེད་སྒོ་སྤེལ་ཏེ་འཕྲིན་སྦྱོར་གྱི་སྐད་གྲགས་ཇེ་ཆེར་བཏང་ཡོད། དཔེར་ན་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྤྲད་པའི་སྤྱི་ཕན་རོགས་སྐྱོར་བྱེད་སྒོ་སྤེལ་ནས་རིམ་རྩིས་ཀྱིས་སློབ་མ་བརྒྱ་ཕྲག་ཁ་ཤས་ལ་རོགས་དངུལ་སྒོར་ཁྲི500རག་ཡོད། གསུམ་ནི་ཚགས་པར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་པ་ཚོ་སྒྲོག་འགྲེལ་ཚོགས་པ་དང་། དང་བླངས་པའི་མཐུན་ཚོགས་སོགས་སུ་ཞུགས་གང་ཐུབ་བྱས་ཏེ་ཚགས་པར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་བ་དང་ཆབས་ཅིག གསར་འགོད་པ་དང་རྩོམ་སྒྲིག་པའི་ལག་ལེན་བྱེད་ནུས་ཀྱང་ཇེ་ཆེར་བཏང་ཐུབ་ཡོད། བཞི་ནི་འཕྲིན་སྦྱོར་མཉམ་འདྲེས་གཞི་སྟེགས་བརྒྱུད་ནས་ཐད་གཏོང་བྱེད་ཤུགས་ཆེ་རུ་བཏང་ཡོད། དཔེར་ན་བོད་ཀྱི་བུ་མོ་དབུལ་པོར་སྤྱི་ཚོགས་ལས་རིགས་ཁག་གིས་རོགས་རམ་མྱུར་དུ་མཁོ་ཞེས་པའི་ཐད་གཏོང་དང་། དེ་བཞིན་ཨ་མ་ལོ་ལོའི་གློག་བརྙན་ཁང་དང་མཉམ་ལས་བྱས་ནས་བརྙན་ལེན་པའི་ང་དང་ངའི་མེས་རྒྱལ་ཞེས་པའི་མཚོ་སྔོན་བོད་སྐྱོར་ལས་བྱེད་པའི་སྐོར་གྱི་བོད་སྐད་བརྙན་ཐུང་སོགས་ཀྱིས་མཚོན་མང་ཚོགས་ཀྱིས་དོ་ཁུར་བྱེད་འདོད་ཆེ་བའི་གསར་འགྱུར་སྒྲུབ་གཞི་ཁག་ལ་དམིགས་ནས་ཐད་གཏོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ལྔ་ནི་གསར་འགྱུར་བཀོལ་བདག་ཕྱོགས་ཀྱི་བསྒྲིགས་སྣེ་སྟེAPPཡི་རིམ་པ་སྤར་ནས་ཁུལ་ཡོངས་ཀྱི་གཞི་རིམ་བོད་རིགས་ཞིང་འབྲོག་པ་ལ་ཕྱོགས་པའི་བོད་རྒྱ་སྐད་གཉིས་ཀྱི་སྒྲ་ལམ་ཡོད་པ་བྱས་ཤིང་སྒྲིག་སྟངས་དང་ནང་དོན་གྱི་ཆ་ནས་སྔ་བས་ལེགས་འགྱུར་བཏང་བར་བརྒྱུད། གཞི་རིམ་མང་ཚོགས་ཀྱིས་བོད་སྐད་སྒྲ་ལམ་ནས་ཆ་འཕྲིན་གསར་ཤོས་རྒྱུས་ལོན་ཐུབ་ཡོད། ད་སྔའི་བརAPPཕབ་ལེན་བྱེད་མཁན་མི་ཁྲི8ལྷག་ལ་ཟིན་ཡོད།

གསུམ། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་གནད་དོན་དང་དཀའ་གནད།

དབྱང་ཁྲེང་ཏེ་ཡིས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་གནད་དོན་དང་དཀའ་གནད་སྐོར་གླེང་བའི་སྐབས་སུ་བཤད་དོན། གཅིག་ནི་ལམ་ལུགས་ཚད་ལྡན་དང་། འཁོར་སྐྱོད་ནང་སྲོལ། ལག་རྩལ་ཚད་གཞི། ཞིབ་གཅོད་དབྱེ་ཞིབ། དུས་ཐོག་ཐག་གཅོད་བཅས་གཞི་གཅིག་ཅན་གྱི་ལྟ་སྐུལ་ཚད་གཞལ་དོ་དམ་གཞི་སྟེགས་ཤིག་མགྱོགས་པོར་བསྐྲུན་དགོས་ན་གསར་འགྱུར་བཅར་འདྲི་དང་རྩོམ་སྒྲིག་བྱེད་ཡས་ལ་མཁོ་བའི་རྩ་བའི་སྒྲིག་ཆས་ད་དུང་ཅུང་རྗེས་ལུས་ཡིན་པ་དང་། གཉིས་ནི་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་མཁོ་བ་ནི་འབྲི་ཤེས་པ་དང་། པར་དང་བརྙན་ལེན་ཤེས་པ། རྩོམ་སྒྲིག་བྱེད་ཤེས་པ། དཔྱད་བརྗོད་བྱེད་ཤེས་པ། བརྙན་འཕྲིན་གསར་འགོད་པའི་འཇོན་རྩལ་ཏེ་བརྙན་འཕྲིན་དུ་སྟོན་པ་དང་མདོ་འཛིན་བྱེད་ཤེས་པ་བཅས་ནུས་མང་གཞི་གཅིག་ཏུ་འཛོམས་པའི་འཕྲིན་སྦྱོར་ཀུན་འདུས་ཀྱི་གསར་འགོད་པ་དང་རྩོམ་སྒྲིག་པའི་དཔུང་སྡེ་ཞིག་སྐྱོང་བར་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད། གསུམ་ནི་གསར་འགྱུར་གྱི་ཁུངས་སྣེ་ཞིག་ལ་མཚོན་ན་དེ་ཡིག་རིས་སམ། པར་རིས་སམ། གཟུགས་ལམ་ལམ། དེ་མིན་ཐད་གཏོང་ངམ་རྒྱས་འཕྲིན་སོགས་གསར་འགྱུར་བརྩམས་ཆོས་གང་འདྲ་ཞིག་བྲིས་ནས་གསར་འགྱུར་གྱི་རིན་ཐང་ཆེས་ཆེར་མངོན་དགོས་པ་སོགས་ཀྱིས་མཚོན་ནས་གསར་འགྱུར་ཆ་འཕྲིན་གྱི་ཁྱད་ཆོས་དང་གྲུབ་ཚུལ། ནང་ཁུལ་གྱི་འབྲེལ་བ་བཅས་ལ་དམིགས་ནས་ཁྱད་ཡོན་དུ་མ་ལྡན་ཞིང་ཕྱོགས་མང་པོ་ནས་དབྱེ་ཞིབ་དང་ཞིབ་གཅོད་ཀྱི་ནུས་པ་ཆེན་པོ་མིན་པའོ།།

  • ལེ་ཚན་སྔོན་མ།:མི་རིགས་མཐུན་སྒྲིལ་སྐོར་གྱི་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྨོ་ཞིང་སྐོར་གྱི་བརྡ་ཐོ་གལ་ཆེན་ཞིག
  • དོ་སྣང་ཆེ་བའི་རྩོམ།