བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་ཞེས་པ་ཅི་ཞིག་འདྲེས་དགོས་པ་དང་ཅི་ལྟར་འདྲེས་དགོས།

སྐལ་ཐུབ།        2020-08-28

   སྤྱི་ཟླ8པའི་ཚེས2ནས6ཉིན་བར་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་འཚོགས་ཤིང་། ཚོགས་ཞུགས་འཕྲིན་སྦྱོར་ལས་ཁུངས་བདུན་གྱིས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱས་ཤིང་། དེ་ལས་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྦྱོར་གསར་པའི་ཁྱབ་སྒྲོག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཚེ་བྷོ་ཡིས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་ཞེས་པ་ཅི་ཞིག་འདྲེས་དགོས་པ་དང་ཅི་ལྟར་འདྲེས་དགོས་ཞེས་ཁ་བྱང་བྱས་ནས་གཏམ་བཤད་བྱས་པ་རེད།

བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་ཞེས་པ་ཅི་ཞིག་འདྲེས་དགོས་པ་དང་ཅི་ལྟར་འདྲེས་དགོས།

   གཅིག བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་ཞེས་པ་ཅི་ཞིག་འདྲེས་དགོས།

   ཚེ་བྷོ་ཡིས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་ཞེས་པ་ཅི་ཞིག་འདྲེས་དགོས་པའི་སྐོར་གླེང་བའི་ཚེ་བཤད་དོན། དུས་ཡུན་རིང་པོ་ནས་བཟུང་། རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ཐད་ལ་བོད་ཡིག་འཕྲིན་སྦྱོར་གྱིས་ནུས་པ་ཆེན་པོ་བཏོན་ཡོད་ཅིང་། གསར་འགྱུར་གླེང་ཕྱོགས་ཀྱི་གཡུལ་ས་གཙོ་བོ་དང་ཐབས་ལམ་གཙོ་བོ། ནུས་ཤུགས་གཙོ་བོ་བཅས་སུ་གྱུར་ཡོད་པ་རེད།

   འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཟམ་མི་ཆད་པ་བྱུང་བ་དང་དྲ་བའི་ལག་རྩལ་གསར་བརྗེ་ཡོང་བ་དང་བསྟུན་ནས། བོད་ཡིག་འཕྲིན་སྦྱོར་ཀྱང་སྲོལ་རྒྱུན་གྱི་ཚགས་པར་དང་རྒྱང་སྒྲོག བརྙན་འཕྲིན་བཅས་ནས་དྲ་བ་དང་འཁྱེར་འཕྲིན། སྤྱི་ཚོགས་འབྲེལ་གཏུག་བཅས་ཀྱི་འཕྲིན་སྦྱོར་ཁ་ཕྱོགས་སུ་འཕེལ་རྒྱས་མགྱོགས་པོར་འགྲོ་བཞིན་ཡོད། སྲོལ་རྒྱུན་འཕྲིན་སྦྱོར་དང་འཕྲིན་སྦྱོར་གསར་པ་མཉམ་འདྲེས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་དང་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་ལྡོག་མེད་དུ་གྱུར། བོད་ཡིག་སྲོལ་རྒྱུན་འཕྲིན་སྦྱོར་དང་འཕྲིན་སྦྱོར་གསར་པ་མཉམ་འདྲེས་འཕེལ་རྒྱས་གཏང་བ་ནི་ང་ཚོའི་མདུན་དུ་ལྷགས་པའི་དུས་རབས་གསར་པའི་སྒྲུབ་གཞི་ཞིག་ཡིན་ལ། གཙོ་རྒྱུན་འཕྲིན་སྦྱོར་གྱི་ལོ་རྒྱུས་ཀྱི་འཁུར་ཆེན་དང་འགན་འཁྲི་ཡང་ཡིན་པ་རེད། འཕྲིན་སྦྱོར་མཉམ་འདྲེས་ཞེས་པ་ནང་སྲོལ་དང་སྒྲིག་གཞིའི་ཐད་ནས་མཉམ་འདྲེས་བྱ་དགོས་ལ། ནང་དོན་དང་ལག་རྩལ། གཞི་སྟེགས་བཅས་ཀྱི་མཉམ་འདྲེས་ཆེན་པོ་ཞིག་ཀྱང་ཡིན་པ་རེད། བོད་ཡིག་འཕྲིན་སྦྱོར་གྱིས་ནུས་ཤུགས་མཉམ་བསྒྲིལ་དང་གསར་གཏོད་འགག་སྒྲོལ། ཤུགས་འདོན་གནད་འཁེལ་བཅས་ཀྱི་སྒོ་་ནས་ནང་དོན་ཐད་ཇེ་རྒྱས་དང་ལག་རྩལ་ཐད་ཇེ་མཁས། བདག་གཉེར་ཐད་ཇེ་ཡག་བཅས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཡིག་རིས་ཡིན་ནའང་འདྲ། པར་རིས་ཡིན་ནའང་འདྲ། གཟུགས་ལམ་ཡིན་ནའང་འདྲ་ཚང་མ་ཚད་གཞི་ཅན་དུ་འགྱུར་གང་ཐུབ་བྱ་དགོས། གཞི་སྟེགས་དང་ཐབས་ལམ་སྣ་མང་ཅན་དུ་གཏང་དགོས། དྲ་བའམ་ལག་ཐོག་གམ། དྲྭ་ཚུགས་བཅས་རིགས་ཆེན་པོ་གསུམ་གྱི་ཐད་གཏོང་དེ་ཆེད་ལས་ཅན་དུ་གཏང་དགོས།

   ད་ཆ་བོད་ཡིག་འཕྲིན་སྦྱོར་འཕེལ་རྒྱས་ཐད་ལ་ད་དུང་འཕྲིན་སྦྱོར་སྡེ་ཁག་བར་མཉམ་ལས་མི་འདང་བ་དང་ཆ་འཕྲིན་ཐོགས་མེད་མིན་པ། ཐབས་ལམ་ཡངས་པོ་མེད་པ། མི་རེར་ངག་རེ་དང་། ངལ་རྩོལ་བསྐྱར་ཟློས། ཕན་འབྲས་ཆུང་བ་བཅས་ཀྱི་གནད་དོན་དང་དཀའ་ངལ་ཡོད་པ་རེད། བོད་ཡིག་འཕྲིན་སྦྱོར་གྱིས་“གཅིག་གྱུར”དང་“ཁ་ཐོར”བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཁྱབ་སྒྲོག་གི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། ཁྱབ་སྒྲོག་གི་གཞི་སྟེགས་མཉམ་སྤྱོད་བྱ་དགོས་པ་ལས་གྲོགས་མེད་ཁེར་འཛིང་བྱ་རྒྱུ་མེད། འཕྲིན་སྦྱོར་མཉམ་འདྲེས་ཀྱི་གནས་བབ་འོག་ཏུ། བོད་ཡིག་འཕྲིན་སྦྱོར་གྱིས་གསར་འགྱུར་ཐོན་ཁུངས་མཉམ་སྤྱོད་དང་། ནང་དོན་སྤུས་ལེགས་སྤེལ་རེས། ལག་རྩལ་གསར་པ་གསབ་རེས། གཞི་སྟེགས་རྩེ་གྲ་བསྐྱར་སྐྲུན་བཅས་ཀྱི་བྱེད་ཤུགས་ཆེ་རུ་གཏང་དགོས། དེ་ལྟར་བྱས་ན་གཞི་ནས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་ཇེ་ཟབ་ཡོང་བ་དང་བོད་ཡིག་གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྒྲོག་བྱེད་ཤུགས་ཇེ་ཆེར་འགྲོ་ཐུབ་པ་རེད།

   གཉིས། བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་ཅི་ལྟར་འདྲེས་དགོས།

   ཚེ་བྷོ་ཡི་གཏམ་བཤད་ཁྲོད་དུ་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་ཅི་ལྟར་འདྲེས་དགོས་པའི་སྐོར་ལ་འདི་ལྟར་བཤད་འདུག་སྟེ། གཅིག་ནི་དྲྭ་ཐོག་ལོ་ཙྭའི་ནང་སྲོལ་ཕན་འབྲས་ཆེ་བ་འཛུགས་དགོས། ཀྲུང་དབྱང་འཕྲིན་སྦྱོར་གྱིས་སྣེ་ཁྲིད་བྱེད་ཅིང་ཞིང་ཆེན་རིམ་པའི་འཕྲིན་སྦྱོར་གྱིས་རོགས་འདེགས་བྱས་ཏེ་རྒྱལ་ཕྱི་ནང་གི་གསར་འགྱུར་གལ་ཆེན་དང་། སྐབས་དོན་ཆབ་སྲིད་རིགས་ཀྱི་གསར་འགྱུར་བཅས་བསྒྱུར་དགོས། མི་དམངས་ཉིན་རེའི་ཚགས་པར་བོད་ཡིག་ཚགས་པར་དང་། བོད་ལྗོངས་ཉིན་རེའི་ཚགས་པར། མཚོ་སྔོན་ཉིན་རེའི་ཚགས་པར་བཅས་ཀྱིས་ལོ་ཙཱའི་ཐོན་ཁུངས་གཅིག་བསྡུས་བྱས་ཐོག་ལས་འགན་བགོས་ནས་ཡིག་སྒྱུར་བྱས་ཤིང་དེ་མ་ཐག་འགྲེམས་སྤེལ་བྱས་ཏེ་ས་གནས་ཁག་གི་འཕྲིན་སྦྱོར་གྱིས་བརྒྱུད་འགོད་བྱ་རྒྱུར་སྤྲད་དགོས། དཔེར་ན་ད་ལོའི་རིམས་བབ་འགོག་ཟོན་གྱི་གནས་ཚུལ་འགོད་པའི་ཚེ། ཀྲུང་དབྱང་འཕྲིན་སྦྱོར་གྱིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བརྡ་ཁྱབ་ཀྱི་ལོ་ཙཱའི་ལས་འགན་ཁུར་བ་དང་། ས་གནས་སྲིད་གཞུང་གི་བརྡ་ཁྱབ་དེ་ས་གནས་ཁག་གི་གསར་འགྱུར་དབང་གྲགས་སྡེ་ཁག་གིས་ལོ་ཙཱ་བྱེད་འགན་ཁུར་བ་ལྟ་བུ་རེད། དེ་ལྟར་བྱས་ན་ངལ་རྩོལ་བསྐྱར་ལས་བྱེད་མི་དགོས་པའི་ཁར་དུས་ཚོད་ཀྱང་བསྲི་ཐུབ་ཅིང་། གཞི་རིམ་དུ་ཕྱིན་ནས་གསར་འགྱུར་ཡག་པོ་འབྲི་ཆོག་གི་རེད། གཉིས་ནི་ནང་དོན་ཡག་པོ་སྤེལ་རེས་བྱ་དགོས་པ་སྟེ། རིག་སྟོབས་མཐུད་སྣེ་ཁྱབ་གདལ་དང་དྲ་བའི་ལག་རྩལ། གཞི་སྟེགས་བཅས་གོང་འཕེལ་སོང་བ་དང་བཀོལ་བདག་གི་ཆ་འཕྲིན་ལེན་པའི་གོམས་གཤིས་འཕོ་འགྱུར་ཕྱིན་པ་དང་བསྟུན་ནས། མཉམ་འདྲེས་ཐོན་རྫས་གསར་པ་དག་རིམ་བཞིན་ང་ཚོའི་མཐོང་ལམ་དུ་མངོན། དེ་ནས་འཕྲིན་སྦྱོར་སྣ་མང་གི་ཁྲོད་དུ་གསོན་ཤུགས་མི་ཉམས་པ་དང་འདུག་སྟེགས་ཤིག་རྙེད་དགོས་ན་སྤུས་ཚད་མཐོན་པོའི་ཐོག་མའི་གསར་རྩོམ་གྱི་ནང་དོན་ཡོད་མེད་ལ་རག་ལས་པ་རེད། ད་ཆ་བོད་ཡིག་འཕྲིན་སྦྱོར་དུ་ཐོག་མའི་གསར་རྩོམ་གྱི་ནང་དོན་མང་པོ་མེད་ཀྱང་དེའི་ནང་དུ་བརྩམས་ཆོས་ཡག་པོ་ཡང་ཁ་ཤས་ཡོད་པས། འཕྲིན་སྟེགས་སུ་བཀོད་པ་ནས་བཟུང་འཕྲིན་སྦྱོར་ཁག་གིས་དེ་མ་ཐག་བརྒྱུད་འགོད་བྱས་ཏེ་ཐོན་ཁུངས་བེད་སྤྱོད་བྱེད་ཚད་ཆེ་རུ་གཏོང་ཞིང་གསར་འགྱུར་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏང་དགོས། བོད་ཡིག་འཕྲིན་སྦྱོར་ཁག་གིས་རང་གི་དྲྭ་ཚུགས་དང་། APPདང་། སྒྲིག་རིམ་ཆུང་བ། འཕྲིན་ཕྲན། པོད་འཕྲིན་བཅས་སུ་མཐོ་ཚད་དང་དྲོད་ཚད། ཟབ་ཚད་བཅས་ལྡན་པའི་གསར་འགྱུར་བརྩམས་ཆོས་སྤུས་ལེགས་བཀོད་རྗེས། དྲ་བའི་ཁྱབ་སྒྲོག་ལག་རྩལ་ཆེས་གསར་པ་བེད་སྤྱོད་གང་ལེགས་བྱས་ནས་དུས་ཐོག་སྤུན་ཟླའི་འཕྲིན་སྦྱོར་ཁག་ལ་བསྐུར་བ་དང་། སྤུན་ཟླའི་འཕྲིན་སྦྱོར་ཁག་གིས་ནང་དོན་ལ་འཕྲི་སྣོན་གང་འོས་བྱས་ཏེ། ཡིག་རིས་དང་པར་རིས། གློག་རྡུལ་ཚགས་པར། སྒྲ་ལམ། གཟུགས་ལམ། H5 VRསོགས་རང་ཉིད་ཀྱི་འཕྲིན་སྦྱོར་གཞི་སྟེགས་དང་འཚམ་པའི་ཐབས་ལ་བརྟེན་ནས་ཁྱབ་སྒྲོག་བྱ་དགོས། དེ་ལྟར་བྱས་ན་བོད་ཡིག་འཕྲིན་སྦྱོར་གྱི་ཡིག་རིས་ནང་དོན་ལ་འདོན་རིན་ཡོད་པ་དང་པར་རིས་གསར་འགྱུར་ལ་ལྟ་འདོད་ཡོད་པ་དང་། བརྙན་འཕྲིན་གསར་འགྱུར་ལ་ལྟ་སྙིང་སྤྲོ་བ། འཕྲིན་ཕྲན་དང་པོད་འཕྲིན། APPབཅས་ལ་མཉམ་འགུལ་རང་བཞིན་ཡོད་པ་འགྱུར་ལ། ནང་ཁུལ་དུ་འབྲེལ་ལམ་ཆགས་པ་དང་ཕྱི་ཕྱོགས་སུ་ཟོང་རྟགས་གསར་དུ་བསྐྲུན་པའི་བྱེད་ཐབས་གོ་ཆོད་པོ་ཡང་འགྱུར་འགྲོ་བ་རེད། གསུམ་ནི་ལག་རྩལ་གསར་པ་ཕན་ཚུན་གསབ་རེས་བྱ་དགོས་པ་སྟེ། འཕྲིན་སྦྱོར་གསར་པ་ནི་ལག་རྩལ་གསར་པའི་འདེགས་སྐྱོར་འོག་ཏུ་བྱུང་བའི་འཕྲིན་སྦྱོར་གཞི་སྟེགས་ཡིན་ཞིང་། ལག་རྩལ་བརྗེ་རེས་དང་ལག་རྩལ་སློབ་སྦྱོང་། ལག་རྩལ་གསོ་སྦྱོང་བཅས་ནི་བོད་སྐད་འཕྲིན་སྦྱོར་གྱི་འཕེལ་རྒྱས་སྤུས་ཚད་མཐོར་འདེགས་དང་དྲིལ་བསྒྲགས་ཕན་འབྲས་ཇེ་ཆེར་གཏོང་བ། མཉམ་དུ་ཡར་ཐོན་ཡོང་བ། མི་འདང་ས་གསབ་རེས་བྱེད་པ་བཅས་ཀྱི་བྱེད་ཐབས་བཟང་པོ་ཡིན། མི་དམངས་དྲ་བ་དང་ཀྲུང་དབྱང་བརྙན་འཕྲིན་དྲ་བ། བོད་ལྗོངས་ཉིན་རེའི་ཚགས་པར། མཚོ་སྔོན་ཉིན་རེའི་ཚགས་པར། ཡོངས་འཛིན་སོགས་འཕྲིན་སྦྱོར་ཁག་གིས་སློབ་སྦྱོང་དང་སྤེལ་རེས། མཉམ་སྤྱོད། མཉམ་ལས་བཅས་ཀྱི་གོ་སྐབས་སྒྲིག་འཛུགས་བྱ་རྒྱུའི་རེ་བ་ཡོད། བོད་སྐད་ཀྱི་ཐོག་ནས་བོད་ཡིག་འཕྲིན་སྦྱོར་གསར་པའི་ལག་རྩལ་བེད་སྤྱོད་དང་བོད་ཡིག་མཉམ་འདྲེས་ཐོན་རྫས་བཟོ་ཐབས། བོད་ཡིག་མཉམ་འདྲེས་འཕྲིན་སྦྱོར་གཞི་སྟེགས་ཀྱི་བཀོལ་སྤྱོད་ལག་རྩལ། བོད་ཡིགAPPཡི་ཇུས་འགོད། H5བཟོ་སྟངས་སོགས་སློབ་སྦྱོང་དང་སྤེལ་རེས་བྱ་རྒྱུ་ནི་བོད་ཡིག་འཕྲིན་སྦྱོར་ལ་ཆ་མཚོན་ན་ཆེས་ཐད་ཀར་དང་ཁ་རེ་ཁ་ཐུག་ཡིན་པས་རྩོམ་སྒྲིག་པ་དང་ལག་རྩལ་མི་སྣས་དེའི་སྐོར་གྱི་ལག་རྩལ་ཁོང་དུ་མགྱོགས་པར་ཆུད་ཐུབ་པར་ཕན་ཐོགས་དེ་བས་ཆེ། བཞི་ནི་གཞི་སྟེགས་རྩེར་སོན་གསར་སྐྲུན་བྱ་དགོས་པ་སྟེ། རྒྱལ་ཡོངས་བོད་ཡིག་ཚགས་པར་དང་རྒྱང་སྒྲོག བརྙན་འཕྲིན། དྲ་བ་སོགས་འཕྲིན་སྦྱོར་ཁག་གིས་སོ་སོའི་འཕྲིན་སྟེགས་བརྒྱུད་ནས་རང་ཉིད་ཀྱི་ཐོན་ཁུངས་ཁྱད་དུ་འཕགས་པ་བཏོན་ཞིང་། སྤུས་ཚད་དམ་དུ་བཟུང་ནས་བརྩམས་ཆོས་སྤུས་དག་བཟོ་བ་དང་། གསར་སྐྲུན་དམ་དུ་བཟུང་ནས་འཕེལ་རྒྱས་གཏོང་བ། དྲིལ་བསྒྲགས་དམ་དུ་བཟུང་ནས་འཚོང་འགྲེམས་བྱེད་པ་བཅས་ཀྱིས་ཉན་ཀློག་ལྟ་གསུམ་སྤྲོ་བའི་ལེ་ཚན་སྤུས་ལེགས་བཟོས་པ་རེད། དཔེར་ན་མི་དམངས་ཉིན་རེའི་ཚགས་པར་ཁང་གི《དཔེ་ཕྲན་ཀློག་པ།》དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི《འཚོ་བའི་བར་སྟོང་།》བོད་ལྗོངས་བརྙན་འཕྲིན་ཁང་གི《རྩེད་མོ་ཀུན་འདུས།》ཁམས་པའི་བརྙན་འཕྲིན་ཁང་གི《བྱམས་པའི་ཁ་བརྡ།》མཚོ་སྔོན་རྒྱང་སྒྲོག་ཁང་གི《ཐད་གཏོང་ཁང་པ375》ཨ་མདོའི་བརྙན་འཕྲིན་ཁང་གི《འཚོ་བའི་རང་མདངས།》མཚོ་སྔོན་བོད་ཡིག་ཚགས་པར་གྱི《རིག་རྩལ་ལེ་ཚན།》དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི《ཁམས་པའི་འཛུམ་རིས།》བདེ་ཆེན་ཚགས་པར་ཁང་གི《གཟུགས་མེད་རིག་གནས།》ཀྲུང་གོ་བོད་ཀྱི་དྲ་བའི《འཆམ་མཐུན་བོད་ཁུལ་དུ་བསྐྱོད》ལྟ་བུ་རེད། ལེ་ཚན་འདི་ཚོ་གཙོས་པའི་ལེ་ཚན་གྲགས་ཅན་གྱི་སྤྱི་ཚོགས་སུ་སྐད་གྲགས་ཁྱབ་ཚད་ཆེ་རུ་གཏོང་བའི་ཆེད་དུ། བོད་ཡིག་འཕྲིན་སྦྱོར་གྱིས་དེང་རབས་ཀྱི་ཁྱབ་སྒྲོག་མ་ལག་ཆེན་པོ་ཞིག་ཐུན་མོང་གིས་འཛུགས་སྐྱོང་བྱས་ནས་བརྒྱུད་འགོད་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཚགས་པར་དང་བརྙན་འཕྲིན། དྲ་བ། APP འཕྲིན་ཕྲན་བཅས་འཕྲིན་སྦྱོར་ཀུན་སྟེགས་ཡོངས་སུ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཡིག་གི་གསར་འགྱུར་གླེང་ཕྱོགས་དྲིལ་བསྒྲགས་ཀྱི་ཕྱོགས་འདུས་ནུས་པ་ཇེ་ཆེར་གཏོང་བ་དང་། བོད་ཡིག་འཕྲིན་སྦྱོར་གསར་པའི་ཁྱབ་སྒྲོག་བྱེད་ཤུགས་དང་། སྐུལ་ཁྲིད་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས། ཡིད་རྟོན་བྱེད་ཤུགས་བཅས་ཇེ་ཆེར་གཏང་དགོས་སོ།།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་གཞི་ཚང་པའི་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ།
  • ལེ་ཚན་རྗེས་མ།:ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།