བོད་ལྗོངས་ལུས་རྩལ་འཐུས་ཚབ་ཚོགས་པས་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གཟེངས་རྟགས་ཐོག་མ་བླངས་པ།

        2017-08-16

   མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན་གྱི་དགོང་མོར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་མང་ཚོགས་འགྲན་བསྡུར་གྱི་སྐྱེས་མའི་བྲག་འཛེགས་རྟིང་རྩོད་འགྲན་བསྡུར་ཁྲུང་ཆིང་དུ་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་བདམས་ཐོན་པ་རིན་ཆེན་ལྷ་མོ་ནི་རྒྱལ་ནང་གི་བྲག་འཛེགས་པ་ཕུལ་བྱུང་མང་པོའི་ཁྲོད་ནས་འབུར་དུ་ཐོན་ཏེ་སྐྱེས་མའི་བྲག་འཛེགས་རྟིང་རྩོད་འགྲན་བསྡུར་ཁྲོད་ཟངས་ཀྱི་གཟེངས་རྟགས་ཐོབ་པ་དང་། འདི་ནི་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་བོད་ལྗོངས་ལུས་རྩལ་འཐུས་ཚབ་ཚོགས་པས་གཟེངས་རྟགས་ཐོག་མ་ཐོབ་པ་རེད། པདྨ་གཡུ་སྒྲོན་དང་རིག་འཛིན་སྒྲོལ་མ་སོ་སོར་འགྲན་ཚན་འདིའི་ཨང་4པ་དང་ཨང་8པ་ཐོབ་པ་རེད།
  བོད་ལྗོངས་ལུས་རྩལ་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་པ་ངག་དབང་བཀྲ་ཤིས་ཀྱིས་གསར་འགོད་པར་ཁྲུང་ཆིང་གི་གནམ་གཤིས་དང་། རློན་ཚད། འགྲན་བསྡུར་བྱ་ཡུལ་བཅས་ཚང་མ་བོད་ལྗོངས་དང་ཁྱད་པར་ཆེན་པོ་ཡོད་པས། ལུས་རྩལ་པ་རྣམས་ཀྱིས་འགྲན་རར་རྒྱུན་ལྡན་གྱི་ནུས་པ་འདོན་ཐུབ་པའི་ཆེད་དུ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་འགྲན་བསྡུར་གྱི་བྲག་འཛེགས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་མ་བྱས་སྔོན་གྱི་ཟླ་ཕྱེད་རིང་ལ། ལུས་རྩལ་པ་ཚོ་ཁྲུང་ཆིང་དུ་ཡོང་ནས་འཕྲོད་མཐུན་རང་བཞིན་གྱི་སྦྱོང་བརྡ་བྱས་པ་ཡིན། ཐེངས་འདིའི་བྲག་འཛེགས་འགྲན་བསྡུར་གྱི་ཁྲོད་དུ་ང་ཚོ་བོད་ལྗོངས་བྲག་འཛེགས་རུ་ཁག་གིས་རྒྱལ་ཡོངས་ཀྱི་བྲག་འཛེགས་པ་ཕུལ་བྱུང་དང་འགྲན་བསྡུར་བྱ་དགོས་པས། འགྲན་བསྡུར་ཐོག་མཐའ་བར་གསུམ་དུ་ཧ་ཅང་ཛ་དྲག་པོ་ཡིན་ཞིང་། རིན་ཆེན་ལྷ་མོས་གྲུབ་འབྲས་འདི་འདྲ་ཐོབ་པ་དེའང་ཁོང་མོའི་རྒྱུན་ལྡན་གྱི་ནུས་པའི་ཁྱབ་ཁོངས་ཡིན་ཞེས་བཤད་པ་རེད།
  རིན་ཆེན་ལྷ་མོ་བྲག་འཛེགས་ལུས་རྩལ་ལ་ཞུགས་ནས་ལོ་10ལྷག་སོང་ཡོད་ཅིང་། ཁོང་མོས་འགྲན་ཚན་50ལ་ཉེ་བའི་འགྲན་བསྡུར་ནང་ཨང་དང་པོ་བླངས་ཡོད་པ་དང་། ད་ལྟ་ཁོང་ནི་རྒྱལ་ཁབ་རིམ་པའི་ཕུལ་བྱུང་གི་ལུས་རྩལ་པ་ཞིག་ཡིན་པ་རེད།

  • ལེ་ཚན་སྔོན་མ།:འཛམ་གླིང་གླང་ཆེན་ཉིན་མོའི་བྱེད་སྒོ་ཞི་ཧྲོང་པན་ན་རུ་སྤེལ་བ།
  • ལེ་ཚན་རྗེས་མ།:2017ལོའི་ལྷ་སའི་ཞོ་སྟོན་ཟླ8ཚེས21ཉིན་ནས་འགོ་ཚུགས་རྒྱུ་དང་ཁྱོན་བསྡོམས་ བྱེད་སྒོ་ཆེན་པོ་བཅུ་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།