ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གི་གསུང་བཤད་གལ་ཆེན།

        2017-07-31



༄༅།།ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི“སྤྱི་ཁྱབ་ཧྲུའུ་ཅི་
ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་ཏང་གི་ཚོགས་
ཆེན་བཅུ་དགུ་པར་བསུ་བ་ཞུ་བའི”ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་
ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

       མི་དམངས་དྲ་བའི་འཕྲིན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི”ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས་26དང་27ཉིན་པེ་ཅིང་དུ་སློབ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཡོངས་ཀྱི་བརྗོད་དོན་གཙོ་བོ་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་བཙུགས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་རྒྱལ་ཁའི་ངང་མདུན་སྐྱོད་ཐུབ་པ་བྱེད་དགོས། ང་ཚོས་ངེས་པར་དུ་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་བརྟན་པོ་ཆུད་པ་དང་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་བསམ་ཕྱོགས་གསར་པ་དང་། འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་འདོན་པ་དང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་མུ་མཐུད་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་འཚོག་ལ་ཉེ་བའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་འཚོགས་པའི་གལ་འགངས་ཧ་ཅང་ཆེ་བའི་ཚོགས་ཆེན་ཞིག་ཡིན་པ་དང་། སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔོན་མཐོང་རང་བཞིན་བཅས་ཀྱི་བྱ་སྤྱོད་ཀྱི་རྩ་འཛིན་འདོན་ཐུབ་མིན་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་དང་འབྲེལ་བ་ཡོད། རང་རེའི་ཏང་གིས་དར་ཆ་གང་ཞིག་སྒྲེང་དགོས་མིན་དང་། འགྲོ་ལམ་གང་གི་ཐོག་བསྐྱོད་དགོས་མིན། བསམ་བློའི་འཁྱེར་སོ་གང་འདྲ་ཞིག་འཛིན་དགོས་མིན། ལོ་རྒྱུས་ཀྱི་འགན་འཁྲི་གང་འདྲ་ཞིག་ཁུར་དགོས་མིན། འབད་འཐབ་དམིགས་ཚད་གང་འདྲ་ཞིག་མངོན་འགྱུར་བྱེད་དགོས་མིན་བཅས་གསལ་སྟོན་ཁ་གསལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ངོས་འཛིན་དང་ཁོང་དུ་ཆུད་པ་བྱེད་པར། རྩོད་སྒྲུབ་ཀྱི་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་ཀྱི་དངོས་གཙོ་རིང་ལུགས་ཀྱི་བརྟག་ཐབས་སྨྲ་བ་མཐའ་འཁྱོངས་བྱས་ཏེ། ལོ་རྒྱུས་དང་དོན་དངོས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན། རྒྱལ་ནང་དང་རྒྱལ་སྤྱི་སོགས་ཟུང་འབྲེལ་བྱེད་པའི་ཐོག་ནས་བསམ་བློ་གཏོང་བ་དང་། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་བབ་ཐོག་ནས་བསམ་བློ་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞིགས་ནས་བསམ་བློ་གཏོང་བ་བཅས་བྱས་ཏེ་སྡོམ་ཚིག་ཡང་དག་ཅིག་ཡོང་བ་བྱེད་དགོས། ཏང་ཡོངས་ཀྱིས་རྒྱལ་ཁབ་ཀྱི་གནས་ཚུལ་ཆེ་ཤོས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སྟངས་འཛིན་ནན་པོ་བྱེད་པ་དང་། དོན་དངོས་ཆེ་ཤོས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ལ་ནན་པོ་གཞིགས་ཏེ་ཟམ་མི་ཆད་པར་འགྱུར་ལྡོག་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་ཁྱད་ཆོས་དེ་བས་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་བྱེད་པ། ཏང་གི་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་སྐུལ་མ་གཏོང་བ་དང་ཆབས་ཅིག་རང་རྒྱལ་གྱི་སྤྱི་ཚོགས་ལ་ཐོན་པའི་གནད་དོན་སྣ་ཚོགས་ཐག་གཅོད་དེ་བས་ལེགས་པ་བྱེད་པ་དང་། བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དེ་བས་ལེགས་པའི་ངང་འཕེལ་རྒྱས་གཏོང་བ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་དེ་བས་ལེགས་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་རང་རེའི་ཏང་ནི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་ལ་ཚད་མཐོའི་མཐོང་ཆེན་བྱེད་མཁན་ཏང་ཞིག་ཡིན་པས་རིགས་པའི་གཞུང་ལུགས་དེ་ངེས་པར་དུ་ལག་ལེན་དང་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས་ཀྱི་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་རིགས་པའི་གཞུང་ལུགས་ཀྱི་ནུས་པར་མཐོང་ཆེན་བྱེད་དགོས་པ་དང་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད་དང་འཐབ་ཇུས་ཀྱི་ངེས་གནས་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་ཆ་རྐྱེན་འོག་ང་ཚོས་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྱོང་། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པར་མར་ཁེ་སི་རིང་ལུགས་སྲིད་ཏང་གི་དུས་བསྟུན་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཀུན་སྤྱོད་སྔར་བཞིན་མཐའ་འཁྱོངས་དང་དར་སྤེལ་བཏང་སྟེ་ལག་ལེན་གྱི་རྨང་གཞིའི་ཐོག་རིགས་པའི་གཞུང་ལུགས་གསར་གཏོད་ལ་བློ་ཁོག་ཆེན་པོས་སྐུལ་འདེད་གཏོང་ཕོད་པ་བྱེད་དགོས། དུས་རབས་ནི་བསམ་བློའི་རྩ་བ་དང་ལག་ལེན་ནི་རིགས་པའི་གཞུང་ལུགས་ཀྱི་འབྱུང་རྩ་ཡིན། ང་ཚོས་འགྱུར་ལྡོག་ཆེ་བའི་དུས་རབས་ཁྲོད་རང་འགུལ་དབང་ཆ་ཐོབ་པ་དང་རླབས་ཆེན་གྱི་འཐབ་རྩོད་གསར་པའི་ཁྲོད་རྒྱལ་ཁ་ཐོབ་པ་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་དེ་བས་ཡངས་པའི་མཐོང་རྒྱ་དང་དེ་བས་རིང་བའི་མིག་རྒྱང་ཐོག་ནས་རྒྱལ་ཁབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་འཕྲད་པའི་འཐབ་ཇུས་གལ་ཆེན་གྱི་གནད་དོན་རབ་དང་རིམ་པར་བསམ་གཞིག་དང་སྟངས་འཛིན་བྱེད་དགོས་པ་དང་། རིགས་པའི་གཞུང་ལུགས་ཐད་རྒྱུན་ཆད་མེད་པར་མཐོང་རྒྱ་གསར་པ་འབྱེད་པ་དང་སྙིང་དོན་གསར་པ་བསྡུ་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་རླབས་ཆེན་གྱི་འདུ་འགོད་གསར་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཏང་འཛུགས་སྐྱོང་དེ་བས་སྲ་བརྟན་དང་ནུས་ལྡན་ཡོང་བ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཏང་འཛུགས་སྐྱོང་ཡག་པོ་བྱས་ནས་རང་རེའི་ཏང་ལ་ནམ་ཡང་གསོན་ཤུགས་རབ་ཏུ་རྒྱས་པ་དང་འཐབ་ནུས་ཆེན་པོ་ལྡན་ཐུབ་པའི་འགན་ལེན་བྱས་ཚེ་གཞི་ནས་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་བསད། འགལ་ཟླ་ཚབས་ཆེན་སེལ་བ་བཅས་བྱེད་ཐུབ་ནས་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་ཐུབ། ང་ཚོས་ལག་ལེན་གྱི་ཁྲོད་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་སྐྱོང་བ་ཏང་གི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་མ་ཟད་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་ཡང་འབྲེལ་བ་ཡོད་པས་ངེས་པར་དུ་ཆོད་སེམས་དེ་བས་ཆེ་བ་དང་། བློ་སྟོབས་དེ་བས་ཆེ་བ། སྟོབས་ཤུགས་དེ་བས་ཆེ་བ་བཅས་ལ་བརྟེན་ནས་དམ་འཛིན་ཡག་པོ་དང་ནན་པོ་བྱེད་དགོས་པ་ངོས་འཛིན་གཏིང་ཟབ་ཐུབ་ཡོད་ཅེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནམ་ཡང་ཚར་དུས་མེད། སྲིད་ཏང་གཅིག་དང་སྲིད་དབང་གཅིག་གི་མདུན་ལམ་དང་ལས་དབང་དེ་མི་སེམས་ཕྱོགས་མིན་ལ་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོན་པའི་ཕན་འབྲས་ལ་མི་དམངས་མང་ཚོགས་ཚོས་གདེང་འཇོག་གང་ལེགས་བྱས་ཡོད་པས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱེད་འོས་པ་ཞིག་རེད། ཡིན་ནའང་ང་ཚོས་གྲུབ་འབྲས་དེ་ལྟ་བུར་འདོད་ངོམས་རང་རློམ་དང་རྨོངས་ཚོད་ཀྱིས་དགའ་པོ་བྱ་མི་རུང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་འགན་སྔར་བཞིན་ཟབ་ལ་ལམ་ཐག་རིང་པོ་ཡོད། ཏང་ཡོངས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བསམ་ཕྱོགས་དང་བྱ་ཐབས་དེ་བས་ཚན་རིག་དང་མཐུན་པ་དང་། དེ་བས་ཚགས་ཚུད་པ། དེ་བས་ནུས་ལྡན་བཅས་ཡོང་བར་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་བཅས་ཀྱི་སྒོ་ནས་ཀྲུང་གོའི་མི་དམངས་ཀྱི་རླབས་ཆེའི་ཕུགས་འདུན་ཐོགས་པའི་གྲུ་གཟིངས་རླབས་གཤགས་མདུན་སྐྱོད་ལ་ཁྲིད་སྟོན་གྱིས་འོད་སྟོང་འཕྲོ་བའི་ཕ་མཐར་རྒྱལ་ཁའི་ངང་སྒྲོལ་ཐུབ་པ་བྱེད་དགོས་ཞེས་གསུངས།
        ལི་ཁེ་ཆང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཧ་ཅང་གལ་འགངས་ཆེན་པོ་རེད། གསུང་བཤད་ནང་དེང་གི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་བ་དང་། ལོ་5ཡི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་རྒྱས་བཤད་གཏིང་ཟབ་གནང་བ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ། མ་འོངས་དུས་མཚམས་ཤིག་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་མཛད་ཇུས་གལ་ཆེན་དང་བྱ་སྤྱོད་ཀྱི་རྩ་འཛིན་རྒྱས་བཤད་གཏིང་ཟབ་གནང་བ། དགོངས་པ་གསར་པ་དང་། དགོངས་ཚུལ་གསར་པ། དབྱེ་ཞིབ་གསར་པ། བྱ་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བར་བསམ་བློའི་རང་བཞིན་དང་། འཐབ་ཇུས་རང་བཞིན། རྒྱང་ལྟའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད། དེར་བརྟེན་སློབ་སྦྱོང་ནན་ཏན་དང་གོ་བ་བླངས་ནས་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་འབྲེལ། དེས་ལས་དོན་ཁག་ལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་དགོས། དེ་དང་དུས་མཚུངས་རང་འགུལ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས།
         ལིའུ་ཡུན་ཧྲན་གྱིས་སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག་ཕྱོགས་སྡོམ་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་ཡོད། ཚང་མས་སློབ་སྦྱོང་བྱས་པ་བརྒྱུད་གསུང་བཤད་ཀྱི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་གལ་ཆེན། ལག་ལེན་གྱི་དོན་སྙིང་གལ་ཆེན་བཅས་ལ་ངོས་འཛིན་ཟབ་ཏུ་ཕྱིན་པ་དང་གསུང་བཤད་ཀྱི་ནང་དོན་ཟབ་མོ་དང་། དགོངས་དོན་གྱི་ངོ་བོ། གཞི་རྩའི་བླང་བྱ་བཅས་ལ་ངོས་འཛིན་ཟབ་ཏུ་ཕྱིན་པ་མ་ཟད། བསམ་བློར་དྲག་ཆས་སྤྲས་ནས་ཁ་ཕྱོགས་གསལ་པོ་བྱུང་ཡོད། གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་སྒྲིག་འཛུགས་ནན་ཏན་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལག་ལེན་དང་ཟུང་འབྲེལ་དང་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བའི་ཁྲིད་སྟོན་བྱེད་པ་དང་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། གསུང་བཤད་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།




  • ལེ་ཚན་སྔོན་མ།:ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟླ་8ཚེས་1ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་ཞི་ཅིན་ཕིང་ཚོགས་ཆེན་དུ་
  • ལེ་ཚན་རྗེས་མ།:བོད་ཡིག་གི་རྩ་ཆེའི་དཔེ་རྙིང་ཁག59རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་ཞེས་པའི་སྤྱི་བསྒྲགས་ནང་ཚུད་པ།
  • དོ་སྣང་ཆེ་བའི་རྩོམ།