2017-07-31
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་བདུན་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་མགོ་རྩོམ་པའི་སྤྱིའི་མཛད་སྒོ་ས་དེའི་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་མའོ་སི་ཁོ་ནས་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་རིས་བསྐུར་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་བརྙན་རིས་ནང་བསྟན་དོན། ཉིས་སྟོང་བཅུ་བདུན་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་མགོ་རྩོམ་པའི་སྐབས་འདིར། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། འགྲན་སྡུར་མགོ་བརྩམས་པར་སེམས་གཏིང་ནས་སྨོན་འདུན་ཞུས་པ་ཡིན་ལ། རྒྱལ་ཁབ་སོ་སོའི་འགྲན་ཞུགས་པ་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་བཅུ་བཞི་ལོའི་ཚུན་དུ། རྒྱལ་སྤྱིའི་དམག་དོན་འགྲན་སྡུར་སྐབས་གསུམ་ལ་བསྡུས་ནས། ས་ཁུལ་གྱི་དམག་དོན་བརྗེ་རེས་མཉམ་ལས་ཐད་ཀྱི་ཚོང་རྟགས་མིང་གྲགས་ཅན་དང་། རྒྱལ་ཁབ་སོ་སོའི་དམག་དཔུང་གིས་ཕན་ཚུན་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་ཕན་ཚུན་ལ་སློབ་སྦྱོང་བྱེད་པའི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད། ད་ལོར། ཀྲུང་གོའི་དམག་དཔུང་བསྟུད་མར་ཐེངས་བཞིར་འགྲན་སྡུར་ལ་ཞུགས་པ་མ་ཟད། ཐེངས་དང་པོར་འགྲན་སྡུར་ཐད་ཀྱི་རྣམ་གྲངས་སྐོར་ཞིག་བསྒྲུབ་པའི་འགན་ཁུར། ཀྲུང་གོའི་དམག་དཔུང་གིས་འགྲན་རའི་ནང་རྒྱལ་ཁབ་སོ་སོའི་དམག་དཔུང་བར་རྩལ་ནུས་ཐད་ནས་འགྲན་སྡུར་དང་མཉམ་དུ་ཡར་ཐོན་བྱེད་འདོད་ཡོད་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་སྤྱིའི་དམག་དོན་མཉམ་ལས་སྤེལ་བ་དེ། འཐབ་ཇུས་ཡིད་རྟོན་ལ་ཤུགས་སྣོན་པ་དང་། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། ཀྲུང་གོའི་དམག་དཔུང་གིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་དམག་དཔུང་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་དམག་དོན་མཉམ་ལས་ཐད་ནས་རྒྱུན་མ་ཆད་པར་གྲུབ་འབྲས་གསར་བ་བླངས་ཏེ། འཛམ་གླིང་ཞི་བདེའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།
ཞི་ཅིན་ཕིང་གིས་མཇུག་མཐར་འགྲན་སྡུར་བདེ་བླག་ངང་མཇུག་བསྡུ་བ་དང་། རྒྱལ་ཁབ་སོ་སོའི་འཐུས་ཚབ་རུ་ཁག་གིས་གྲུབ་འབྲས་བཟང་བོ་ལེན་པ། ཕན་ཚུན་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་འགྱུར་བའི་སྨོན་འདུན་ཞུས།
མགོ་རྩོམ་མཛད་སྒོའི་སྟེང་། ད་དུང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་སོགས་སྐབས་འདིའི་འགྲན་སྡུར་བསྡུ་བའི་རྒྱལ་ཁབ་ཀྱི་འགོ་གཙོའི་རྟེན་འབྲེལ་ཞུ་བའི་བརྙན་རིས་བཏང་།
རྒྱལ་སྤྱིའི་དམག་དོན་འགྲན་སྡུར་ནི་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྡུས་པའི་རྒྱལ་སྤྱིའི་རང་བཞིན་གྱི་དམག་དོན་འགྲན་སྡུར་ཡིན་ལ། ཉིས་སྟོང་བཅུ་བདུན་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་དེ་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་ནས་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་བར་ཨུ་རུ་སི་དང་ཀྲུང་གོ ཨ་སེ་པད་ཅང་། ཨུ་རུ་སི་དཀར་པོ། ཧ་སག་སི་ཐན་སོགས་རྒྱལ་ཁོངས་སུ་བསྡུ་རྒྱུ་ཡིན་པ་དང་། བསྡོམས་པས་འགྲན་སྡུར་རྣམ་གྲངས་ཉེར་བརྒྱད་བཀོད་སྒྲིག་བྱས་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10