བོད་ལྗོངས་འཕྲིན་དྲ། 2020-05-26
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་ནད་ཡམས་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱས་ཏེ་འཛད་སྤྱོད་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ནས་འཛད་སྤྱོད་གཞི་ཁྱོན་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་སྤྱི་ལོ2020ལོའི་འཛད་སྤྱོད་ལ་སྐུལ་སྤེལ་བཏང་སྟེ་གཞི་ཁྱོན་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བའི་བྱེད་སྒོའི་ཇུས་གཞི་བཏོན་ནས། དར་སོ་ཆེ་བའི་འཛད་སྤྱོད་དང་དྲ་བའི་འཛད་སྤྱོད་སོགས་འཛད་སྤྱོད་བྱེད་སྟངས6ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་རིང་དྲ་ཐོག་ཉོ་སྒྲུབ་དེ་འཛད་སྤྱོད་ཀྱི་ཐབས་ལམ་གཙོ་བོར་གྱུར་ཡོད། ལོ་འགོ་ནས་ད་བར་ལྷ་ས་ས་གཙང་སྤྲིན་ཚོམ་གློག་རྡུལ་ཚོང་དོན་ཚན་རྩལ་ཚད་ཡོད་ཀུང་སིས་གློག་རྡུལ་ཚོང་དོན་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རིགས་ཁག་གི་དྲ་ཐོག་ཉོ་སྒྲུབ་དུས་ཆེན་དེ་བྱེད་སྒོའི་གཞི་རྟེན་དུ་བྱས་ནས་ཐབས་ལམ་སྣ་ཚོགས་ཀྱི་གཉེར་ཚོང་ཁྱབ་གདལ་ལས་དོན་སྤེལ་བ་རེད།
ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བློ་བཟང་ཚེ་བརྟན་གྱིས་གསར་འགོད་པར་ཉེ་བའི་ཟླ་གཅིག་རིང་ཀུང་སིའི་ཡུལ་ཟོག་ཐོན་རྫས་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི་ཚོ30ལྷག་ཙམ་ཟིན་ནས། ས་ཆ་དེ་གའི་མཉམ་ལས་ཁང་དང་ཁེ་ལས་ཆུང་གྲས་ཁག་གཅིག་ལ་ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་བཏང་ཡོད་ཅེས་བཤད།
གཞན་ཡང་། རླངས་འཁོར་ཕྱིར་འཚོང་ལས་རིགས་ཀྱིས་ཀྱང་ནད་ཡམས་ཐོན་རིང་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱས་ཏེ་རླངས་འཁོར་འཛད་སྤྱོད་ཁྲོམ་ར་སྔར་བས་འཁྲུག་ཏུ་བཏང་ཡོད། གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ལྔ་གཅིག་ངལ་གསོའི་དུས་ཚོད་ཁོ་ནར་ལྗོངས་ཡོངས་སུ་རིགས་ཁག་གི་རླངས་འཁོར་ཚན་པས་རླངས་འཁོར་བརྒྱད་བརྒྱ་ལྷག་ཙམ་ཕྱིར་འཚོང་བྱས་ཤིང་ཕྱིར་འཚོང་ཡོང་འབབ་སྒོར་དུང་ཕྱུར1ལྷག་ཟིན་ཡོད།
2020ལོའི་འཛད་སྤྱོད་ལ་སྐུལ་སྤེལ་བཏང་སྟེ་གཞི་ཁྱོན་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བའི་བྱེད་སྒོའི་ཇུས་གཞིའི་ནང་ད་དུང་སྤྲོ་གསེང་འཛད་སྤྱོད་དང་འབྱུང་འཕྲོད་འཛད་སྤྱོད། སྤུས་རྟགས་འཛད་སྤྱོད་སོགས་ལ་སྐུལ་སྤེལ་བཏང་ནས་དྲ་ཐོག་དང་ས་གནས་ས་ཐོག་གི་མཉམ་འགུལ་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕྱིར་འཚོང་བྱེད་ན་འཚམས་པའི་ཐོན་རྫས་གསར་སྤེལ་དང་ཚོང་ཟོག་སྤུས་རྟགས་སྐྱེད་སྲིང་བྱས་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་གསལ་བཏོན་བྱས་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10