བོད་ལྗོངས་ནོར་བུ་གླིང་གས་གནའ་དཔེ་བམ་པོ1000ལྷག་ཡོངས་བཤེར་བྱས་ཚར།

        2020-05-12

བོད་ལྗོངས་ནོར་བུ་གླིང་ག་དོ་དམ་ཁྲུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར། ནོར་བུ་གླིང་གས་ཕོ་བྲང5ཡི་གནའ་དཔེ་བམ་པོ1000ལྷག་ཡོངས་བཤེར་ཐོ་འགོད་དང་སྤོ་རུང་རིག་དངོས་ཡོངས་བཤེར་བྱས་ཚར་ལ། དེ་ལས་ཡོངས་བཤེར་བྱས་ཏེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་གནའ་དཔེ་བམ་པོ57གསལ་འབྱེད་གནང་།

ནོར་བུ་གླིང་ག་ནི་བོད་ལྗོངས་ཀྱི་འཛམ་གླིང་ཤུལ་བཞག་རིག་གནས་གྲས་ཤིག་ཡིན་པ་དང་། དུས་རབས18པའི་དུས་དཀྱིལ་དུ་འཛུགས་མགོ་བརྩམས་ཤིང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དབྱར་དུས་ཀྱི་བཞུགས་གནས་ཡིན།

ནོར་བུ་གླིང་ག་དོ་དམ་ཁྲུའུ་རིག་དངོས་ཚན་ཁག་གི་ལས་སྒྲུབ་མི་སྣ་བསོད་ནམས་ཚེ་སྒྲོན་གྱིས་མཚམས་སྦྱོར་གནང་བ་ལྟར་ན། མིག་སྔར། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་དང་ནོར་བུ་གླིང་ག་དོ་དམ་ཁྲུའུ་གཉིས་མཉམ་འབྲེལ་སྒོས་གནའ་དཔེ་ཡོངས་བཤེར་ཐོ་འགོད་དང་རྒྱལ་ཡོངས་སྤོ་རུང་རིག་དངོས་ཡོངས་བཤེར་བྱེད་ཀྱི་ཡོད་ལ། ད་སྔ་རྟག་བརྟན་མི་འགྱུར་ཕོ་བྲང་དང་སྐལ་བཟང་ཕོ་བྲང་། སྤྱན་བསལ་ཕོ་བྲང་། ཞབས་བརྟན་ལྷ་ཁང་སོགས་ཕོ་བྲང5ཡི་གནའ་དཔེ་ཡོངས་བཤེར་བྱས་ཚར་ལ། ད་དུང་ལྷག་ཡོད་པའི་གྲུ་འཛིན་ཕོ་བྲང་ནི་ནོར་བུ་གླིང་གའི་གནའ་དཔེ་ཉར་ཚགས་ཆེས་མང་བའི་ཕོ་བྲང་ཡིན།

བསོད་ནམས་ཚེ་སྒྲོན་གྱིས་བཤད་རྒྱུར། ཕྱོགས་གཉིས་མཉམ་འབྲེལ་བྱས་ཏེ་རིག་དངོས་གནའ་དཔེ་ཡོངས་བཤེར་བྱེད་པར་ནང་དོན་དང་ལྕི་ཚད། རིང་ཐུང་། པར་རིས། གནོད་སྐྱོན་ཐེབས་པ་ངེས་གཏན། ལོ་རབས་སོགས་རེ་རེ་བཞིན་ཟིན་བྲིས་སུ་འགོད་དགོས་ཤིང་། བམ་པོ་རེར་ཤོག་ངོས་བརྒྱ་ཕྲག་ལྷག་ཡོད་པ་དང་། གནོད་སྐྱོན་ཚབས་ཆེན་ཐེབས་པ་དག་ལ་ཤོག་ངོས་རེར་ལྟ་ཞིབ་ཐོ་འགོད་བྱེད་དགོས་པས། ཉིན་རེར་མང་ནའང་བམ་པོ7-10ལས་ཡོངས་བཤེར་བྱེད་ཐབས་བྲལ།

མིག་སྔར། ནོར་བུ་གླིང་གས་གནའ་དཔེ་བམ་པོ1000ལྷག་ཡོངས་བཤེར་བྱས་ཤིང་། དེའི་ཁྲོད་ལོ་རབས་ཆེས་སྔ་བའི་གནའ་དཔེ་ནི་སྤྱི་ལོའི་དུས་རབས16ལ་ཁུངས་དེད་ཆོག་པ་དང་། ཆིང་རྒྱལ་རབས་སྐབས་ཀྱི་གྲངས་ཀ་ཆེས་མང་བ་ཡིན། ཡོངས་བཤེར་བྱས་ཏེ་གསལ་འབྱེད་བྱས་པར་བརྒྱུད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་གནའ་དཔེ་བམ་པོ57ཡོད།

བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་ཚེ་ལོ་ཡིས་མཚམས་སྦྱོར་བྱེད་དོན། ནོར་བུ་གླིང་ག་ནི་བོད་ལྗོངས་གནའ་དཔེ་ཉར་ཚགས་དང་སྲུང་སྐྱོབ་བྱེད་པའི་ལས་ཁུངས་གཙོ་བོ་སྟེ། དེ་ནི་ཕོ་བྲང་པོ་ཏ་ལ་དང་འདྲ་བར་ལྟེ་གནས་འདིའི་ན་ནིང་དང་ད་ལོའི་གནའ་དཔེ་ཡོངས་བཤེར་གྱི་ལྟེ་བ་ཡིན་ལ། སྔོན་དཔག་བྱས་པ་ལྟར་ན། ད་ལོར་གནའ་དཔེ་བམ་པོ600-700ཡོངས་བཤེར་ལེགས་འགྲུབ་འབྱུང་ངེས།

ཚེ་ལོས་བསྟན་དོན། བོད་ལྗོངས་སུ་བོད་ཡིག་གནའ་དཔེ་མང་པོ་ཉར་ཚགས་བྱས་ཡོད་དེ། ད་སྔ་ཉར་ཚགས་བྱས་ཡོད་པའི་བོད་ཡིག་གནའ་དཔེ་བསྡོམས་གྲངས་དེས་ཧ་ལམ་ཀྲུང་གོའི་སུམ་ཆའི་གཉིས་ཟིན། ལྗོངས་ཡོངས་ཀྱི་གནའ་དཔེ་ཡོངས་བཤེར་ཐོ་འགོད་བྱ་བ་དེ2009ལོ་ནས་མགོ་བརྩམས་པ་ཡིན་ལ། ད་སྔའི་བར་གནའ་དཔེ་བམ་པོ18000ལྷག་ཡོངས་བཤེར་ཐོ་འགོད་བྱས་ཤིང་། དེའི་ཁྲོད2019ལོར་ཕོ་བྲང་པོ་ཏ་ལའི་གནའ་དཔེ་བམ་པོ1256དང་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་དགོན་པའི་གནའ་དཔེ་བམ་པོ1188ཡོངས་བཤེར་ལེགས་འགྲུབ་བྱུང་།


  • ལེ་ཚན་སྔོན་མ།:《བོད་ཀྱི་སྲོལ་རྒྱུན་རིག་གནས་ན་ཆུང་ཤེས་བྱའི་དཔེ་ཚོགས》(དེབ་བཅུ)།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་སྨན་ཞབས་པའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས།
  • དོ་སྣང་ཆེ་བའི་རྩོམ།