2017-06-06
མི་དམངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། སྤྱི་ཟླ5པའི་ཚེས23ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་འགོ་འཛིན་པ་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་ལྔ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཚོད་ལྟའི་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་དེ་བཅོས་བསྒྱུར་གྱི་ཁྱོན་ཡོངས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད། དེར་བརྟེན་བཅོས་བསྒྱུར་ཚོད་ལྟའི་ལས་དོན་ཁག་ཇུས་འགོད་ནན་ཏན་དང་དམ་འཛིན་ཡག་པོ་བྱས་ནས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ་འཚོལ་ཞིབ་ལ་སྐུལ་ལྕག་དང་། བློ་ཁོག་ཆེན་པོས་ལག་ལེན། བསམ་ཕོད་པ་དང་བྱེད་ཕོད་པ། ཞུགས་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པ་བཅས་བྱས་ནས་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་མང་ཙམ་བཏོན་ཏེ་ཁྱོན་ཡོངས་ཀྱི་བཅོས་བསྒྱུར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་གསུང་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་གཏོང་གི་འགོ་ཁྲིད་ཚོགས་ཆུང་གི་འགོ་འཛིན་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག《སློབ་གསོའི་སྒྲིག་གཞི་དང་ལམ་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》དང《ཕྱི་རྒྱལ་ཚོང་པའི་མ་དངུལ་གཏོང་འཇོག་ཐོན་ལས་ཀྱི་མཛུབ་ཁྲིད་དཀར་ཆག(2007ལོར་བཟོ་བཅོས་བརྒྱབ)》 《ཁེ་ལས་ཀྱི་ཕྱི་རྒྱལ་གྱི་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དུ་མ》 《ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་གཏོང་གི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 《ཁོར་ཡུག་ལྟ་ཞིབ་ཚད་ལེན་བཅོས་བསྒྱུར་ཟབ་ཏུ་བཏང་ནས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《མི་སྒེར་གྱི་ཡོང་འབབ་དང་རྒྱུ་ནོར་ཆ་འཕྲིན་མ་ལག་བསྐྲུན་རྒྱུའི་སྤྱིའི་ཇུས་གཞི》 《ས་ཁུལ་སྒྲོལ་བའི་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞིའི་ཚོད་ལྟའི་ཇུས་གཞི》 《མཚོ་ཁོངས་དང་ཡུལ་མི་སྡོད་མཁན་མེད་པའི་མཚོ་ཐོག་གླིང་ཕྲན་རིན་དོད་ཡོད་པའི་ངང་སྤྱོད་རྒྱུའི་བསམ་འཆར》 《ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གྱི་གཏུག་བཤེར་རྒྱག་པའི་ཚོད་ལྟའི་གནས་ཚུལ་དང་གོམ་སྟབས་རྗེས་མའི་ལས་ཀའི་གྲོས་འགོའི་སྐོར་གྱི་སྙན་ཞུ་》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ད་དུང་ཚོགས་འདུའི་ཐོག་《ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གནས་ཚུལ་སྐོར་གྱི་སྙན་ཞུ་》དང་《སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་ཟབ་གཏོང་གནས་ཚུལ་སྐོར་གྱི་སྙན་ཞུ》 《ཚན་རྩལ་ཁྱབ་ཁོངས་ཀྱི་གཙོ་གནད་སྒྱུར་བཅོས་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ》 《སྨན་དང་སྨན་རྫས་དང་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་ཟབ་གཏོང་གི་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་ཞུ》 《རྐང་རྩེད་སྤོ་ལོའི་ཁྱབ་ཁོངས་ཀྱི་གཙོ་གནད་བཅོས་བསྒྱུར་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་》བཅས་ལ་གྲོས་ཞིབ་གནང་བ་རེད།
ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། སློབ་གསོའི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བར་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱེད་པའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་བཅས་གཞི་གཅིག་ཅན་གྱི་ཀུན་སྤྱོད་སློབ་གསོའི་མ་ལག་སྐྲུན་པ། སློབ་མའི་ཚེ་གང་སློབ་སྦྱོང་ཡར་རྒྱས་དང་། གསར་གཏོད་རང་བཞིན་གྱི་བསམ་གཞིགས། དུས་རབས་ཀྱི་བླང་བྱ་དང་འཚམ་པ་བཅས་ཀྱི་འགག་རྩའི་ནུས་པ་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱེད་པ། མི་སྐྱོང་བྱ་ཐབས་དང་། སློབ་གཉེར་བྱ་ཐབས། དོ་དམ་མ་ལག འགན་ལེན་ལམ་སྲོལ་བཅས་ཀྱི་བཅོས་བསྒྱུར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རིམ་པ་ཁག་དང་ལས་རིགས་ཁག་གི་སློབ་གསོའི་ཆོས་ཉིད་དང་དེ་བས་མཐུན་པ་དང་། ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་དང་དེ་བས་མཐུན་པ། མི་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་རྒྱུར་དེ་བས་སྐུལ་འདེད་ཐུབ་པ་བཅས་བྱས་ཏེ་ཀུན་སྤྱོད་དང་ཤེས་རིག གཟུགས་པོ་གསུམ་དང་མཛེས་དཔྱོད་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ནུས་ལྡན་བྱ་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཕྱི་རྒྱལ་གྱི་ཚོང་པའི་མ་དངུལ་གཏོང་འཇོག་ཐོན་ལས་མཛུབ་ཁྲིད་དཀར་ཆག་ལ་བཟོ་བཅོས་རྒྱག་རྒྱུ་ནི་ཏང་ཀྲུང་དབྱང་གིས་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་བཏོད་དེ་རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཕྱི་ཕྱོགས་སུ་སྒོ་འབྱེད་མཐའ་འཁྱོངས་བྱས་ནས་རྒྱལ་སྤྱིའི་ཀུན་འཕྲོད་སྒྲིག་སྲོལ་དང་འཚམ་པ་དང་། བཀག་རྒྱ་གསལ་ཐོའི་བྱ་ཐབས་ལ་གཞིགས་པ། གཙོ་གནད་ཁྱབ་ཁོངས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱི་རྒྱལ་གྱི་མ་དངུལ་ཞུགས་པའི་ཚད་གཞི་དམའ་རུ་བཏང་སྟེ་ཞབས་ཞུའི་ལས་རིགས་དང་། བཟོ་སྐྲུན་ལས་རིགས། གཏེར་འདོན་ལས་རིགས་སོགས་ཀྱི་ཁྱབ་ཁོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ནང་ཁུལ་མ་དངུལ་དང་ཕྱི་རྒྱལ་མ་དངུལ་གཅིག་མཐུན་གྱི་ཚོད་འཛིན་རང་བཞིན་གྱི་བྱ་ཐབས་མེད་པ་བཟོས་ཏེ་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུར་སྐུལ་ལྕག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། ཁེ་ལས་ཀྱི་ཕྱི་རྒྱལ་གྱི་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་སྒྲིག་གཞི་ལམ་སྲོལ་འཛུགས་རྒྱུར་དམིགས་ནས་གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་དང་། ཁེ་ལས་ཀྱི་འགན་འཁྲི་དོན་འཁྱོལ། ཁྲིམས་བཞིན་སྒྲིག་ཁྲིམས་ལག་བསྟར་ནན་པོ། ལམ་ལུགས་ཀྱི་ཞན་ཆ་གསབ་པ། ཁེ་ལས་ཀྱི་ཕྱི་རྒྱལ་གྱི་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་བཅས་ཀྱིས་དབང་ཆ་དང་འགན་འཁྲི་ཁ་གསལ་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། ཚད་ལྡན་གོ་རིམ་ལྡན་པ། ཉེན་ཁ་སྔོན་འགོག་ནུས་ལྡན་བཅས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་གཞི་དང་ལམ་སྲོལ་རིམ་གྱིས་ཆགས་པ་བྱས་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལྟ་ཞིབ་ཚད་ལེན་སྔོན་ཚུད་ཉེན་གཏོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པར་བློ་བརྟན་འགྱུར་མེད་ཀྱིས་བྱེད་པོའི་ནུས་པ་ཁུལ་འཛུགས་སྐྲུན་བྱས་ནས་དུས་བཀག་བཞིན་དཔྱད་དཔོག་དང་དུས་ཐོག་གི་ལྟ་ཞིབ་ཚད་ལེན་ཟུང་འབྲེལ་དང་། སྒྲིག་བཀོད་འཛུགས་སྐྲུན་དང་ལམ་ལུགས་འཛུགས་སྐྱོང་ཟུང་འབྲེལ། དོ་དམ་ཚོད་འཛིན་ནན་པོ་དང་སྐུལ་ལྕག་ནུས་ལྡན་ཟུང་འབྲེལ། སྲིད་གཞུང་གི་ལྟ་སྐུལ་དོ་དམ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ཟུང་འབྲེལ་བཅས་བྱས་ནས་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་གདེང་འཇོག་བརྒྱུད་རིམ་ལྡན་པའི་ངང་བྱེད་པ་དང་། བར་མཐོངས་གསར་སྤེལ་གོ་རིམ་ཚད་ལྡན་དུ་གཏོང་བ། བར་མཐོངས་གསར་སྤེལ་བྱེད་ཤུགས་ཚོད་འཛིན་ལུགས་མཐུན་བྱེད་པ། མི་འབོར་དང་། དཔལ་འབྱོར། ཐོན་ཁུངས་ཁོར་ཡུག་བཅས་ཀྱི་བར་མཐོངས་དོ་སྙོམས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་ཁོར་ཡུག་ཐེག་ནུས་འོག་གསར་སྤེལ་བྱ་སྒོ་སྣ་ཚོགས་སྤེལ་དགོས།
ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། ཁོར་ཡུག་ལྟ་ཞིབ་ཚད་ལེན་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞི་གལ་ཆེན་ཞིག་རེད། ཁྲིམས་བཞིན་ལྟ་ཞིབ་ཚད་ལེན་དང་། ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན། ཡིད་རྟོན་ལྟ་ཞིབ་ཚད་ལེན་བཅས་བྱེད་རྒྱུ་གནས་བབ་གལ་ཆེན་ཐོག་བཞག་ནས་ཆེས་ཚད་ལྡན་གྱི་ཚན་རིག་དང་མཐུན་པའི་བྱ་ཐབས་དང་། ཆེས་ནན་པའི་སྤུས་ཚད་ཚོད་འཛིན་བྱ་ཐབས། ཆེས་ནན་པའི་ཆད་གཅོད་བྱ་ཐབས་བཅས་སྤྱད་དེ་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁོར་ཡུག་ལྟ་ཞིབ་ཚད་ལེན་གྲངས་གཞི་མི་བདེན་རྫུན་སྒྲིག་བྱེད་རྒྱུར་དོགས་ཟོན་དང་དེར་ཆད་པ་གཅོད་པའི་ལམ་སྲོལ་བཙུགས་ཏེ་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྲངས་གཞི་ཆ་ཚང་བ་དང་། གནད་ལ་འཁེལ་བ། དོན་དངོས་དང་མཐུན་པ། བདེན་པ་བདེན་ཐུབ་བཅས་ཡོང་བའི་འགན་ལེན་བྱ་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། མི་སྒེར་གྱི་ཡོང་འབབ་དང་རྒྱུ་ནོར་གྱི་ཆ་འཕྲིན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་ད་ཡོད་ཀྱི་ཆ་འཕྲིན་ཐོན་ཁུངས་ལ་གཞིགས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་མ་ལག་ནང་བསྡུ་འོས་ཀྱི་མི་སྒེར་གྱི་ཡོང་འབབ་དང་རྒྱུ་ནོར་ཆ་འཕྲིན་ཁྱབ་ཁོངས་ལུགས་མཐུན་གཏན་འཁེལ་བྱེད་པ་དང་། ཚད་གཞི་ཚད་ལྡན་དང་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཆ་འཕྲིན་རིམ་དབྱེ་རིགས་དབྱེའི་དོ་དམ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་ཐུབ་པའི་བདེ་འཇགས་ལམ་སྲོལ་ལག་ལེན་བསྟར་བ། བདེ་འཇགས་ལག་རྩལ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། བཅའ་ཁྲིམས་ཀྱིས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆ་འཕྲིན་གྱི་བདེ་འཇགས་དང་ཚད་ལྡན་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་དེའི་ཉེ་འཁོར་ས་ཁུལ་གྱིས་ས་ཁུལ་གྲོལ་བའི་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞིའི་ཚོད་ལྟ་བྱས་ནས་རླུང་ཁམས་ཆེན་པོའི་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ་དང་། རླུང་ཁམས་ཆེན་པོའི་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་དང་། རླུང་ཁམས་ཆེན་པོའི་ཁོར་ཡུག་དོ་དམ་གྱི་འགན་འཁྲི་ལེགས་སྒྲིག་དང་བསྡུ་སྒྲིལ། ས་ཁུལ་གྲོལ་བའི་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞི་བསྐྲུན་རྒྱུ་འཚོལ་ཞིབ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་དེའི་ཉེ་འཁོར་ས་ཁུལ་གྱི་སྦགས་བཙོག་མཉམ་འགོག་མཉམ་འཛིན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་བཅས་བྱས་ནས་གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་གྱི་ཚད་གཞི། གཅིག་གྱུར་ཁོར་ཡུག་དཔྱད་དཔོག གཅིག་གྱུར་ལྟ་ཞིབ་ཚད་ལེན། གཅིག་གྱུར་ཁྲིམས་འཛིན་བཅས་ཡོང་བ་བྱས་ཏེ་ས་ཁོངས་ཁོར་ཡུག་བཅོས་སྒྲིག་གི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏང་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། མཚོ་ཁོངས་དང་ཡུལ་མི་སྡོད་མཁན་མེད་པའི་མཚོ་ཐོག་གླིང་ཕྲན་ནི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་དང་མ་རྩའི་གྲུབ་ཆའི་ཆ་གལ་ཆེན་ཞིག་རེད། སྣོད་བཅུད་སྲུང་སྐྱོང་སྔོན་འཇོག་དང་ཐོན་ཁུངས་ལུགས་མཐུན་བེད་སྤྱོད་བྱེད་རྒྱུ་སྟོན་ཕྱོགས་སུ་བྱས་ཏེ་སྲུང་སྐྱོང་ནན་པོ་བྱེད་དགོས་པའི་མཚོ་ཁོངས་དང་ཡུལ་མི་སྡོད་མཁན་མེད་པའི་མཚོ་ཐོག་གླིང་ཕྲན་གསར་སྤེལ་བེད་སྤྱོད་བྱེད་རྒྱུ་གཏན་འགོག་བྱེད་དགོས། གསར་སྤེལ་བེད་སྤྱོད་ཆོག་པའི་མཚོ་ཁོངས་དང་ཡུལ་མི་སྡོད་མཁན་མེད་པའི་མཚོ་ཐོག་གླིང་ཕྲན་གྱི་སྣོད་བཅུད་ཚད་གཞི་མཐོ་རུ་བཏང་ནས་ཁྲོམ་ར་ཅན་གྱི་བཀོད་སྒྲིག་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིན་དོད་ཡོད་པའི་བེད་སྤྱོད་ལྟ་སྐུལ་དོ་དམ་སོགས་ཀྱི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་མཚོ་ཁོངས་དང་ཡུལ་མི་སྡོད་མཁན་མེད་པའི་མཚོ་ཐོག་གླིང་ཕྲན་གྱི་ཐོན་ཁུངས་རིན་ཐང་གི་ཆོས་ཉིད་དང་མཐུན་པའི་རིན་དོད་ཡོད་པའི་བེད་སྤྱོད་ལམ་ལུགས་འཛུགས་དགོས།
ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དབང་བསྐུར་བ་བཞིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་2015ལོའི་ཟླ་བ་བདུན་པ་ནས་བཟུང་པེ་ཅིང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་13དུ་དུས་ཡུན་ལོ་གཉིས་ཀྱི་སྤྱི་ཕན་གྱི་གཏུག་བཤེར་རྒྱག་པའི་ཚོད་ལྟའི་ལས་དོན་སྤེལ་ནས་སྣོད་བཅུད་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་དང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས། གཞུང་ཁོངས་རྒྱུ་ནོར་སྲུང་སྐྱོང་། རྒྱལ་ཁབ་ས་ཆ་སྤྱོད་དབང་ནང་བཤུག་སོགས་ཀྱི་ཁྱབ་ཁོངས་སུ་སྤྱི་ཕན་གཏུག་བཤེར་གྱོད་གཞི་འབོར་ཆེན་ཞིག་གཉེར་བར་བརྟེན་གྱོད་གཞི་ཐག་གཅོད་ཐད་ཕུན་སུམ་ཚོགས་པའི་ཉམས་མྱོང་བསགས་པའི་ཐོག་ལམ་ལུགས་འཆར་འགོད་ཐད་ཞིབ་བཤེར་གང་ལེགས་ཐུབ་སྟེ་ཞིབ་བཤེར་ལས་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་ལམ་ལུགས་འཛུགས་རྒྱུའི་དུས་བབ་སྨིན་ཡོད། ཚོད་ལྟའི་ལས་དོན་ལ་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ཐད་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན་སྒྱུར་བཅོས་ལ་སྣེ་ཁྲིད་བྱེད་མཁན་སྡེ་ཚན་གྱིས་བཅོས་བསྒྱུར་གནས་ཚུལ་རང་བཤེར་དང་སྒྱུར་བཅོས་ཀྱི་འཕེལ་རིམ་སྙན་སེང་ཞུ་རྒྱུ་དེ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལས་དོན་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་འབྲེལ་ཡོད་སྡེ་ཚན་གྱིས་སློབ་གསོ་དང་། ཚན་རྩལ། སྨན་བཅོས་འཕྲོད་བསྟེན། རྐང་རྩེད་སྤོ་ལོ་བཅས་ཀྱི་ཁྱབ་ཁོངས་སུ་སྒྲིག་གཞི་ལམ་སྲོལ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་འགག་རྩའི་ལྷུ་ཚིགས་ཐད་ཚད་བརྒལ་མང་ཙམ་ཡོང་བ་བྱས་ཏེ་ལམ་ལུགས་འཛུགས་སྐྱོང་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་བྱེད་དགོས། གོམ་སྟབས་རྗེས་མར་སྒྱུར་བཅོས་ཀྱི་གྲུབ་འབྲས་བརྟན་དུ་བཏང་སྟེ་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་དང་། སྒྱུར་བཅོས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན། འགན་འཁྲི་ནན་དུ་གཏོང་བ། ལམ་ལུགས་ཀྱི་ཞན་ཆ་གསབ་པ་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་ཕན་འབྲས་ཆེ་རུ་གཏང་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བྱེད་པོའི་འགན་འཁྲི་འཁུར་བ། འགག་རྩའི་ལྷུ་ཚིགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་འཐབ་སར་བསྐྱོད་པ་བཅས་བྱས་ཏེ་སྒྱུར་བཅོས་ལས་དོན་ལ་གྲུབ་འབྲས་ཆེན་པོ་དང་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་བློ་མཐུན་གཙོ་བོས་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་ཏེ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྒྱུར་བཅོས་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཚོད་ལྟའི་ལས་དོན་ནི་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། བཅོས་བསྒྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཚོད་ལྟའི་ལས་དོན་སྤེལ་རྒྱུའི་དམིགས་ཡུལ་ནི་བཅོས་བསྒྱུར་གྱི་ལམ་བུ་དང་བྱེད་ཐབས་འཚོལ་ཞིབ་བྱས་ཏེ་ཁྱོན་ཡོངས་ཀྱི་ཐོག་ནས་སྒྱུར་བཅོས་ལ་ལད་མོ་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་བྱེད་ཐབས་མཁོ་འདོན་བྱེད་རྒྱུ་དེ་ཡིན། ཚོད་ལྟའི་ལས་དོན་ལ་ཕན་འབྲས་དངོས་ཐོན་པ་བྱེད་དགོས་ན། ངེས་པར་དུ་བསམ་བློར་བཅིངས་འགྲོལ་གཏོང་བ་དང་དུས་བསྟུན་འཕེལ་རྒྱས་བཏང་སྟེ་གནད་དོན་ཚང་མ་བསམ་བློར་འཁོར་ཐུབ་པ་དང་འགལ་ཟླ་མངོན་པ་བྱས་ནས་གནོན་ཤུགས་ཀྱི་ཚོད་ལྟའི་ནུས་པ་དངོས་འབྲེལ་ཐོན་ཐུབ་པ་བྱེད་དགོས། གཞི་རིམ་གྱི་ལག་ལེན་ལ་བརྩི་འཇོག་བྱས་ནས་གཞི་རིམ་དང་འཐབ་ཕྱོགས་ཁག་གི་སྐད་ཆ་མང་ཙམ་ཉན་པ་དང་། མཐོང་ཐོས་མྱོང་སྒྲུབ་ཀྱི་དཔྱད་གཞི་མང་ཙམ་ཐོབ་པ་བྱེད་པ། བྱ་བ་གསར་པ་དང་བྱེད་ཐབས་གསར་པར་ལྟ་སྟངས་ཡང་དག་འཛིན་པ་བཅས་བྱས་ཏེ་དོན་དངོས་ཀྱི་དགོས་མཁོ་དང་འཚམ་པ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་ཚེ་རྒྱབ་སྐྱོར་དང་། ཚོད་ལྟར་སྐུལ་ལྕག བློ་ཁོག་ཆེན་པོས་བཅོས་བསྒྱུར་གྱི་བཅས་བྱ་དགོས། ས་གནས་དང་སྡེ་ཚན་གྱི་ཧུར་བརྩོན་རང་བཞིན་སྲུང་སྐྱོང་ཡག་པོ་བྱས་ནས་གང་ཐུབ་ཅི་ཐུབ་ཀྱིས་ཕྱོགས་ཁག་གི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱེད་དགོས། ཚོད་ལྟའི་ལས་དོན་ལ་ཕྱོགས་སྡོམ་ཚོད་སྐོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱོད་གོ་ཆོད་པའི་ཉམས་མྱོང་ངོ་སྤྲོད་དང་དུས་ཐོག་ཏུ་ཕྱོགས་སྡོམ་དང་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས། གནས་ཚུལ་མི་འདྲ་བར་གཞིགས་ནས་རིགས་དབྱེ་མཛུབ་ཁྲིད་བྱས་ཏེ་བཅོས་བསྒྱུར་གྱི་ཚོད་ལྟའི་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏང་དགོས།
ཚོགས་འདུའི་ཐོག་བསྟན་དོན། བཅོས་བསྒྱུར་ཚོད་ལྟའི་ལས་དོན་ལ་སྤྱི་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་ནང་གནས་ཀྱི་འབྲེལ་བར་དབྱེ་ཞིབ་བྱས་ནས་བཅོས་བསྒྱུར་ཚོད་ལྟའི་ལས་དོན་གྱི་བརྒྱུད་རིམ་ལུགས་མཐུན་ངང་སྟངས་འཛིན་བྱེད་དགོས། རྨང་གཞིའི་རང་བཞིན་དང་འདེགས་སྐྱོར་རང་བཞིན་གྱི་ལམ་ལུགས་ཆེན་པོའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་སྔ་ཙམ་ལམ་ལུགས་ཀྱི་གྲུབ་འབྲས་ཆགས་པའི་བརྩོན་ལེན་བྱེད་དགོས། འབྲེལ་བ་ཟབ་པ་དང་གསབ་རེས་ཀྱི་ཆ་རྐྱེན་ལྡན་པའི་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་གྱི་ཐོག་ནས་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་འདྲ་བ་དང་ནུས་པ་གསབ་རེས་ཀྱི་བཅོས་བསྒྱུར་ཚོད་ལྟའི་ལས་དོན་ལ་ཕྱོགས་བསྡུས་ལེ་ལག་ཚོད་ལྟའི་ལས་དོན་སྤེལ་ནས་མ་ལག་འདུས་གྲུབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལས་འགན་གྱི་འཕེལ་རིམ་འགོར་བ་དང་དུས་བཀག་ཐིམས་ཡང་ལེགས་གྲུབ་བྱུང་མེད་པའི་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་སྔོན་བརྡ་གཏོང་བ་དང་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱེད་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10