ལྷ་ས་གྲོང་ཁྱེར་གྱིས་གཞོན་ནུའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད།

        2017-06-02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་སྐབས་གསུམ་པ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་།  ལས་གཏོད་གསར་གཏོད་ཀྱི་ཕུགས་བསམ་ལྡན་པའི་གཞོན་ནུ་ཚོས་ཕུགས་བསམ་བཅངས་ནས་སྔ་རྗེས་སུ་མིང་ཐོ་འགོད་བཞིན་དོན་དངོས་བྱ་སྤྱོད་ཐོག་ནས།  དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་ཅེས་པའི་དུས་རབས་འཕེལ་འགྱུར་གྱི་གོམ་སྟབས་དང་བསྟུན་ཐུབ་པ་བྱས་པ་རེད། 

ལྷ་ས་གྲོང་ཁྱེར་གྱི་ལས་གཏོད་གསར་གཏོད་དཔེ་སྟོན་འཛུགས་སྐྲུན་དང་སློབ་ཆེན་ཐོན་པའི་སློབ་མའི་ལས་གཏོད་ལས་ཞུགས་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཁུར་བ་ཀྲོང་ཧུང་ཞང་གིས་ངོ་སྤྲོད་གནང་བར་གཞིགས་ན།  ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོས་གཞོན་ནུར་གསར་གཏོད་ལས་གཏོད་ཀྱི་བྱང་ཚད་མཐོར་གཏོང་དང་སྤེལ་རེས་སྦྱོང་བརྡར།  ཐོན་ཁུངས་སྦྲེལ་མཐུད་བཅས་ཀྱི་ལས་སྟེགས་སྐྲུན་པ་དང་།  ལས་གཏོད་ཞབས་ཞུའི་ཚན་པ་དང་གསར་གཏོད་མ་འཇོག་ཁོར་ཡུག 
ལས་གཏོད་འཁྲིད་སྟོན་སོགས་ཀྱི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ།  གཞོན་ནུའི་གསར་གཏོད་ལས་གཏོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་གཏོད་ནས།  ལྷ་སའི་རྒྱ་ཆེའི་གཞོན་ནུའི་ལས་གཏོད་འཇོན་ཐང་ཆེ་རུ་དང་ལས་གཏོད་ཐུབ་རྒྱུར་རོགས་རམ་ཐུབ་པ་མ་ཟད།  ཕུལ་བྱུང་གི་ལས་གཏོད་གཞོན་ནུ་ཁག་ཅིག་གི་ལས་གཏོད་ཕུགས་མདུན་སྒྲུབ་རྒྱུར་འཁྲིད་སྟོན་དང་རོགས་རམ་བྱས་ཡོད། 

སྤྱི་ལོ2015ལོར་ལྷ་ས་གྲོང་ཁྱེར་གྱིས་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ་བྱས་ཚུན།  གྲོང་ཁྱེར་དེ་ཡོངས་ཀྱི་ལས་གཏོད་གཞོན་ནུས་རྒྱ་ཁྱབ་ངང་དོ་ཁུར་བྱེད་པ་དང་ཐེ་ཞུགས་བྱས་ཡོད།  སྒྲིག་འཛུགས་ཅན་དང་སྤྱི་ཚོགས་ཅན་གྱི་སྐུལ་སློང་བརྒྱུད་གསར་དར་སྨྱན་སྦྱོར་གྱི་དྲིལ་བསྒྲགས་སྐུལ་སློང་ལ་བརྟེན་ནས།  ལོ་གཉིས་ནང་ལས་གཏོད་གཞོན་ནུ2100ལྷག་ཙམ་ལ་སྐུལ་སློང་བྱས་ཡོད་པས།  ཞིང་འབྲོག་ཁུལ་གྱི་གཞོན་ནུ་དང་གྲོང་ཁྱེར་གྱི་གཞོན་ནུ།  སློབ་ཆེན་ཐོན་པའི་སློབ་མ།  གྲོང་གསེབ་ཏུ་ལོག་ནས་ལས་གཏོད་བྱེད་མཁན་གཞོན་ནུ།  ལྷ་སའི་ཚན་རྩལ་མཉམ་གཏོད་ལས་གཞིའི་ཚོགས་པ་སོགས་འགྲན་བསྡུར་རྣམ་གྲངས212ནང་ཞུགས་རྒྱུར་བློ་འགུག་བྱས་ནས།  ཕུལ་བྱུང་ལས་གཏོད་འཇོན་ཐང་ཅན་དང་ཚོགས་པ26དང་།  ལྷ་སའི་ཐོན་ལས་གོང་འཕེལ་གྱི་ཁྲིད་ཕྱོགས་དང་འཚམས་པ་དང་དུས་རབས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་རྣམ་གྲངས26བདམས་ནས་འགྲན་བསྡུར་ཆེ་མོའི་རྒྱབ་སྐྱོར་བྱ་དགའ་སྒོར་ཁྲི་ཚོ240སྤྲད་ཡོད་པ་རེད།   །


  • ལེ་ཚན་སྔོན་མ།:བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སུའེ་ཏེན་ལ་འཚམས་འདྲི་བྱས་པ།
  • ལེ་ཚན་རྗེས་མ།:ལྷ་ས་གྲོང་ཁྱེར་ཧའེ་ཁྲེང་སློབ་ཆུང་གིས་སློབ་མ་རྣམས་ལ་དྲ་རྒྱའི་བདེ་འཇགས་སྐོར་གྱི་སློབ་གསོ་བྱ་འགུལ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།