ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཏམ་བཤད་ཀྱང་གནང་བ།

        2017-05-18

 

ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞི། གཉིས་ཁེ་གཉིས་ཕན་བཅས་ལྟེ་བར་བྱེད་པའི་དར་གོས་ལམ་བུའི་སྙིང་སྟོབས་མཐའ་འཁྱོངས་ བྱས་ནས“རྒྱུད་གཅིག་ལམ་གཅིག”དེ་ཞི་བདེ་དང་། དར་རྒྱས། སྒོ་དབྱེ། གསར་གཏོད། ཤེས་དཔལ་བཅས་ཀྱི་ལམ་བུར་སྐྲུན་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ།

གཡོན་གྱི་པར་ནི་ཟླ་5ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། ད་དུང《ལག་གདང་དཔུང་སྦྲེལ་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཏམ་བཤད་ཀྱང་གནང་བ་རེད།

སྟེང་གི་པར་ནི་ཞི་ཅིན་ཕིང་དང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཕེབས་པའི་འཐུས་མི་ཚོས་ལྷན་བཞུགས་སྐུ་པར་སྒྲོན་པའི་གནས་ཚུལ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ《ལག་གདང་དཔུང་སྦྲེལ་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཏམ་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞི། གཉིས་ཁེ་གཉིས་ཕན་བཅས་ལྟེ་བར་བྱས་པའི་དར་གོས་ལམ་བུའི་སྙིང་སྟོབས་མཐའ་འཁྱོངས་བྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དེ་བརྟན་པོས་རྒྱང་རིང་དུ་སྐྱོད་ཐུབ་རྒྱུར་ལག་གདང་སྦྲེལ་ཏེ་སྐུལ་འདེད་གཏོང་དགོས་པ་དང“རྒྱུད་གཅིག་ལམ་གཅིག”དེ་ཞི་བདེ་དང་། དར་རྒྱས། སྒོ་དབྱེ། གསར་གཏོད། ཤེས་དཔལ་བཅས་ཀྱི་ལམ་བུར་སྐྲུན་ཐུབ་པ་བྱས་ནས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་དགོས་ཞེས་ནན་བཤད་ཀྱང་གནང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

སྔ་དྲོའི་ཆུ་ཚོད་དགུ་པར་ཞི་ཅིན་ཕིང་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཚོགས་རར་ཕེབས་པ་དང་། ཀྲང་ཀའོ་ལིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་གཏམ་བཤད་གནང་ཞིང་། ཞི་ཅིན་ཕིང་གིས་དར་གོས་ལམ་བུ་དེས་རྒྱལ་ཁབ་ཁག་དབར་ཕན་ཚུན་མཛའ་གྲོགས་སྤེལ་རེས་བྱེད་པའི་སྐར་ཁུང་གསར་པ་ཞིག་བཏོད་པ་དང་། མིའི་རིགས་འཕེལ་རྒྱས་ཡར་ཐོན་གྱི་ལེའུ་གསར་པ་ཞིག་བརྩམས་པ། ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞི། གཉིས་ཁེ་གཉིས་ཕན་བཅས་ལྟེ་བར་བྱེད་པའི་དར་གོས་ལམ་བུའི་སྙིང་སྟོབས་རིམ་གྱིས་ཆགས་ཡོད། དེ་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་རྩ་ཆེའི་ཤུལ་བཞག་ཅིག་ཡིན་ཞེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་སྤྱི་ཚོགས་དེ་འཕེལ་རྒྱས་ཆེན་པོ་དང་། འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་རབས་ཤིག་ཏུ་གནས་ཡོད། འཛམ་གླིང་སྣ་མང་ཅན་དང་། དཔལ་འབྱོར་གོ་ལ་ཅན། སྤྱི་ཚོགས་ཆ་འཕྲིན་ཅན། རིག་གནས་སྣ་མང་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏིང་ཟབ་འགྲོ་བ་དང་། ཞི་བདེ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་སྔར་བཞིན་ཆེ་བ། འཕོ་འགྱུར་གསར་གཏོད་ཀྱི་གོམ་སྟབས་མུ་མཐུད་མདུན་ཕྱོགས་སུ་སྤོ་བཞིན་ཡོད། དུས་མཚུངས་སུ་ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་ནི་མིའི་རིགས་ཡོངས་ལ་འཕྲད་པའི་འགྲན་སློང་དྲག་པོ་ཞིག་ཀྱང་ཡིན། 2013ལོར་ངས་ཧ་སག་སི་ཐན་དང་ཧིན་རྡུ་ཉི་ཞི་ཡ་རུ་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ་ཐུན་མོང་ཐོག་སྐྲུན་དགོས་ཞེས་བཏོན་པ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཡིན།

ལོ་བཞིའི་རིང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས100ལྷག་ཙམ་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་གནང་ཡོད་ལ་དེའི་ནང་དུའང་ཞུགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་ཀྱི་ཆོད་དོན་གལ་ཆེན་ནང་དུའང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ནང་དོན་བཀོད་ཡོད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུ་དེ་བསམ་གཞི་ནས་བྱ་སྤྱོད་དང་བསམ་འདུན་ནས་དོན་དངོས་སུ་རིམ་བཞིན་གྱུར་ཏེ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅེས་ནན་བཤད་གནང་བ་སྟེ། གཅིག་ནས་སྲིད་ཇུས་བརྒྱུད་མཐུན་སྦྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་འཐབ་ཇུས་འབྲེལ་མཐུད་དང་ལེགས་ཆ་གསབ་རེས་བྱ་རྒྱུ་དེ་ཡིན། ང་ཚོས་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་སྲིད་ཇུས་ཐད་མཐུན་སྦྱོར་དང་འཆར་འགོད་ཐད་འབྲེལ་མཐུད་བྱས་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་40ལྷག་ཙམ་དང་མཉམ་ལས་གྲོས་མཐུན་ཡི་གེ་བཞག་པ། རྒྱལ་ཁབ་30ལྷག་ཙམ་དང་ལམ་སྲོལ་ཅན་གྱི་ཐོན་ནུས་མཉམ་ལས་བྱས་ཡོད། གཉིས་ནས་སྒྲིག་བཀོད་འབྲེལ་མཐུད་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། མིག་སྔར་ཀྲུང་ཕ་དང་། ཀྲུང་མོང་ཨུ་གསུམ། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་འབྲེལ་ཟམ་གསར་པ་སོགས་དཔལ་འབྱོར་བར་ཁྱམས་སྣེ་འདྲེན་དུ་བྱས་པ་དང་། སྐམ་མཚོ་མཁའ་གསུམ་གྱི་བགྲོད་ལམ་དང་ཆ་འཕྲིན་མྱུར་བགྲོད་ལམ་བུ་སྒྲོམ་གཞིར་བྱས་པ། ལྕགས་ལམ་དང་། གྲུ་ཁ། མདོང་དྲ་སོགས་ཀྱི་ལས་གྲྭ་གལ་ཆེན་གཞི་རྟེན་དུ་བྱས་པ་བཅས་ཀྱི་མཉམ་འདུས་རྣམ་པའི་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་ཞིག་ཆགས་བཞིན་ཡོད། གསུམ་ནས་ཚོང་དོན་བདེ་བླག་བྱུང་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ། 2014ལོ་ནས་2016ལོ་བར་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དབར་གྱི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་3ལྷག་ཙམ་ཟིན་པ་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ལ་རིམ་རྩིས་བྱས་ན་མ་འཇོག་ཨ་སྒོར་དུང་ཕྱུར་500ལྷག་ཙམ་བྱས་ཡོད། བཞི་ནས་དངུལ་རྩ་རྒྱུན་འཁོར་ཐུབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ། ཀྲུང་གོས་ཐེ་ཞུགས་རྒྱལ་ཁབ་དང་རྩ་འཛུགས་དང་དངུལ་རྩའི་མཉམ་ལས་སྣ་ཚོགས་བྱས་ཡོད། དངུལ་རྩའི་སྒྲིག་གཞི་གསར་པ་དེ་དག་གིས་འཛམ་གླིང་དངུལ་ཁང་སོགས་སྲོལ་རྒྱུན་གྱི་ཕྱོགས་མང་དངུལ་རྩའི་སྒྲིག་གཞི་སོ་སོར་ཁྱད་ཆོས་རེ་ལྡན་པ་དང་ཕན་ཚུན་ཁ་གསབ་ཀྱང་བྱས་པས་རིམ་པ་ཁ་གསལ་དང་ཐོག་མའི་གཞི་རྒྱ་ལྡན་པའི“རྒྱུད་གཅིག་ལམ་གཅིག”གི་དངུལ་རྩའི་མཉམ་ལས་དྲ་རྒྱ་ཞིག་ཆགས་ཡོད། ལྔ་ནས་སེམས་པ་གཅིག་མཐུན་བྱུང་སྟེ་རྒྱུན་མི་ཆད་པར་སྐུལ་འདེད་ཐེབས་པ། ཐེ་ཞུགས་རྒྱལ་ཁབ་ཀྱིས་རིག་ལྡན་དར་གོས་ལམ་བུ་དང་བདེ་ཐང་དར་གོས་ལམ་བུ་སོགས་འཛུགས་སྐྲུན་ལས་དོན་སྤེལ་ཏེ་ཚན་རིག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། དམངས་ཁྲོད། འགྲོ་འོང་སོགས་ཁྱབ་ཁོངས་ཁག་ཏུ་མཉམ་ལས་རྒྱ་ཁྱབ་ཏུ་བྱས་ཡོད་པ་བཅས་རེད།

ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་དུས་རབས་ཀྱི་འགྲོ་ཕྱོགས་དང་འཚམ་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་མ་ཟད། ད་དུང་མདུན་ལམ་ཆེན་པོ་ལྡན་པ་ཞིག་ཀྱང་ཡིན། ང་ཚོས་བབ་བསྟུན་མདུན་སྐྱོད་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དེ་བརྟན་པོས་རྒྱང་རིང་དུ་སྐྱོད་ཐུབ་རྒྱུར་སྐུལ་འདེད་བཏང་ནས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་བ་སྟེ།

གཅིག་ནས“རྒྱུད་གཅིག་ལམ་གཅིག”དེ་ཉིད་ཞི་བདེའི་ལམ་བུར་སྐྲུན་དགོས་ཤིང་། མཉམ་ལས་གཉིས་ཁེ་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་བཙུགས་ཏེ་གྲོས་མོལ་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་རོགས་པ་སྒྲིག་པ་ལས་མནའ་འབྲེལ་མི་བྱེད་པའི་རོགས་ཟླའི་འབྲེལ་བ་འཛུགས་དགོས་པ་དང་།

གཉིས་ནས“རྒྱུད་གཅིག་ལམ་གཅིག”དེ་ཉིད་དར་རྒྱས་ཀྱི་ལམ་བུར་སྐྲུན་དགོས་ཤིང་། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་རྩ་བའི་རང་བཞིན་གྱི་གནད་དོན་ཡིན་པའི་འཕེལ་རྒྱས་ལ་སྣང་ཆེན་གྱིས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་བཏོན་ནས་དཔལ་འབྱོར་མཉམ་འདྲེས་ཆེན་པོ་དང་། འཕེལ་རྒྱས་མཉམ་སྒུལ་ཆེན་པོ། གྲུབ་འབྲས་མཉམ་སྤྱོད་ཆེན་པོ་བཅས་ཡོང་བ་བྱེད་དགོས་པ།

གསུམ་ནས“རྒྱུད་གཅིག་ལམ་གཅིག”དེ་ཉིད་སྒོ་དབྱེའི་ལམ་བུར་སྐྲུན་དགོས་ཤིང་། སྒོ་དབྱེ་རྣམ་པའི་མཉམ་ལས་སྟེགས་བུ་གཏོད་པ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ། སྒོ་དབྱེ་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་མཉམ་དུ་གཏོད་པ་བཅས་ཀྱི་ཐོག་ནས་གཞུང་དྲང་དང་། ལུགས་མཐུན། ཁ་གསལ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མ་འཇོག་གི་སྒྲིག་སྲོལ་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ།

བཞི་ནས“རྒྱུད་གཅིག་ལམ་གཅིག”དེ་ཉིད་གསར་གཏོད་ཀྱི་ལམ་བུར་སྐྲུན་དགོས་ཤིང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དུས་རབས་ཉེར་གཅིག་པའི་གྲངས་འཛིན་དར་གོས་ལམ་བུ་སྐྲུན་དགོས་པ་དང་། ཚན་རྩལ་དང་ཐོན་ལས་དང་ཚན་རྩལ་དང་དངུལ་རྩ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་དྲ་སྦྲེལ་དུས་རབས་ཀྱི་རྒྱལ་ཁབ་ཁག་གི་གཞོན་ནུར་ལས་གཏོད་བར་མཐོངས་དང་ལས་གཏོད་བྱ་ཡུལ་གཏོད་དགོས་པ།

ལྔ་ནས“རྒྱུད་གཅིག་ལམ་གཅིག”དེ་ཉིད་ཤེས་དཔལ་གྱི་ལམ་བུར་སྐྲུན་དགོས་ཤིང་། ཤེས་དཔལ་སྤེལ་རེས་དེ་ཤེས་དཔལ་བར་ཆོད་ལས་ལྷག་པ་དང་། ཤེས་དཔལ་དཔྱད་གཞིར་འཛིན་པ་དེ་ཤེས་དཔལ་འགལ་ཟླ་ལས་ལྷག་པ། ཤེས་དཔལ་མཉམ་གནས་དེ་ཤེས་དཔལ་མཆོག་གྱུར་ལས་ལྷག་པ་བཅས་ཡོང་བ་བྱས་ནས་རྒྱལ་ཁབ་ཁག་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་སོ།

ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་ད་ཆ་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། སླད་ཕྱིན་ཀྲུང་གོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”ལ་སྒུལ་ནུས་ཆེན་པོ་སྣོན་རྒྱུ་དང་འཛམ་གླིང་འཕེལ་རྒྱས་ཆེད་གོ་སྐབས་གསར་པ་ཞིག་སྐྲུན་རྒྱུ་ཡིན། ཀྲུང་གོས་ཞི་མཐུན་མཉམ་གནས་ཀྱི་རྩ་བའི་རྩ་དོན་ལྔའི་རྨང་གཞིའི་ཐོག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་པའི་རྒྱལ་ཁབ་ཁག་ཚང་མའི་དབར་གྱི་མཛའ་གྲོགས་མཉམ་ལས་འཕེལ་རྒྱས་གཏོང་འདོད་ཡོད་ལ་འཛམ་གླིང་གི་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་ཀྱིས་མཉམ་ལས་གཉིས་ཁེའི་བྱ་ཐབས་གསར་གཏོད་དང་ཞི་མཐུན་མཉམ་གནས་ཀྱི་ཁྱིམ་ཚང་ཆེ་མོ་སྐྲུན་འདོད་ཀྱང་ཡོད། གྲོས་མཐུན་བཞག་པའི་དངོས་སྒྲུབ་མཉམ་ལས་ཀྱི་རྣམ་གྲངས་སྔ་ཙམ་གཉེར་ནས་ཕན་འབྲས་སྔ་ཙམ་ཐོན་པ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། མ་དངུལ་ཐོག་ནས་རོགས་སྐྱོར་བྱ་ཤུགས་ཆེ་རུ་བཏང་སྟེ་དར་གོས་ལམ་བུའི་ཐེབས་རྩར་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་1000ཁ་སྣོན་རྒྱག་རྒྱུ་དང་། དངུལ་རྩའི་སྒྲིག་གཞིར་མི་དམངས་ཤོག་སྒོར་གྱི་ཕྱི་རྒྱལ་ཐེབས་རྩའི་ལས་སྒོ་གཉེར་རྒྱུའི་སྐུལ་འདེད་གཏོང་རྒྱུ། སྔོན་དཔག་བྱས་ན་མ་དངུལ་གཏོང་རྒྱ་མི་དམངས་ཤོག་སྒོར་དུང་ཕྱུར་3000ཟིན་རྒྱུ། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་། འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པ། འཛམ་གླིང་དངུལ་ཁང་སོགས་ཕྱོགས་མང་གསར་སྤེལ་སྒྲིག་གཞི་གཞན་དང་མཉམ་ལས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུ། འཛུགས་སྐྲུན་ནང་ཞུགས་པའི་རྒྱལ་ཁབ་དང་མཉམ་དུ་གཉིས་ཁེ་གཉིས་ཕན་གྱི་དཔལ་འབྱོར་ཉོ་ཚོང་གི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་བཏང་སྟེ“རྒྱུད་གཅིག་ལམ་གཅིག”གི་རང་མོས་ཉོ་ཚོང་གི་དྲ་རྒྱ་གཏོད་རྒྱུ། ཀྲུང་གོས་2018ལོ་ནས་བཟུང་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་རྒྱུ། རྒྱལ་ཁབ་ཁག་དབར་གསར་གཏོད་མཉམ་ལས་ཤུགས་ཆེན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་གསར་གཏོད་བྱ་སྤྱོད་འཆར་གཞི་བཀོད་ནས་ཚན་རྩལ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དང་། མཉམ་འབྲེལ་ཚོད་ལྟ་ཁང་མཉམ་སྐྲུན། ཚན་རྩལ་གླིང་མཉམ་ལས། ལག་རྩལ་གཞན་སྒྱུར་བཅས་བྱ་སྤྱོད་ཁག་4སྤེལ་རྒྱུ། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ལ་དམངས་འཚོའི་རྣམ་གྲངས་དེ་བས་མང་བ་གཉེར་རོགས་བྱ་རྒྱུ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་རྗེས་མཐུད་འབྲེལ་གཏུག་ལམ་སྲོལ་འཛུགས་རྒྱུ་དང་ནོར་དཔལ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་ཡར་སྐུལ་ལྟེ་གནས་འཛུགས་རྒྱུ། ཕྱོགས་མང་གསར་སྤེལ་གྱི་མ་དངུལ་བསྡུ་སྒྲིལ་མཉམ་ལས་ལྟེ་གནས་དང་ནུས་པ་འཛུགས་སྤེལ་ལྟེ་གནས་མཉམ་ལས་བྱས་ཏེ་འཛུགས་རྒྱུ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་ལས་སྟེགས་བུ་གསར་པ་གཏོད་རྒྱུ་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།   

 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་ཕྱི་ཕྱོགས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་སྐུ་མགྲོན་ལ་གསོལ་སྟོན་བཤམས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་རིམ་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་སྤེལ་ཐེངས་ཐོག་མ་དེ་ཕྱོགས་ཡོངས་ནས་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།