སི་ཁྲོན་བོད་རིགས་ས་ཁུལ་དུ་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་པ་ཆིག་སྟོང་ལྷག་ཙམ་བསྐྲུན་པ།

        2017-04-26

 ཉེ་ཆར། ཁྲོན་ནུབ་ས་མཐོར་དཔྱིད་དཔལ་རབ་ཏུ་བཞད་ཅིང་། བོད་བཟོའི་ཁང་པ་གསར་པ་གྲལ་ལྟར་སྒྲིག་པ་དང་ཡུལ་སྐོར་བ་མང་པོ་ཡོད་པ་རེད། རྔ་པ་རྫོང་ཨ་ཁྱམ་ཤང་ཐར་མོ་གྲོང་ཚོའི་སྒོམ་པ་ཚོགས་ཆུང་གི་གྲོང་མི་འབྲུག་རྒྱལ་གྱིས་སྲིད་གཞུང་གི་ཁ་གསབ་རོགས་དངུལ་དང་རང་གྲབས་དངུལ་ལ་བརྟེན་ནས་སྨི་ངོས་གྲུ100ཡོད་པའི་ཁང་པ་གསར་པ་ཞིག་བསྐྲུན་ཡོད། དེ་སྔ་ཆར་པ་ཆེན་པོ་བབས་ན་མཚན་མོ་ཉལ་མི་ནུས་པར་ནང་མི་ཚང་མ་ས་མཐོ་པོའི་ཐོག་སྤོ་ཡི་ཡོད། ད་ཆ་ཁང་པ་གསར་པ་སྲ་ཞིང་བརྟན་ལ་སྙིང་རྗེ་པོ་ཡོད་ལ། གྲོང་ཚོ་གསར་པས་གཉེར་བའི་ཡུལ་སྐོར་ལ་བརྟེན་ནས་ང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོད་ཅེས་བརྗོད་བྱུང་།
        ཉེ་བའི་ལོ་གཉིས་རིང་། སི་ཁྲོན་རིམ་ཁག་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར35ཙམ་བཏང་ནས“གྲོང་མིར་འཚམ་པ་དང་། སྡོད་ཁང་མཛེས་པ། ནུས་པ་འཐུས་ཚང་། གྲོང་ཚོའི་བཀོད་པ་ལེགས་པ”བཅས་ཀྱི་བོད་རིགས་ས་ཁུལ་གྱི་གྲོང་མིའི་སྡོད་ཁང་བསྐྲུན་ནས་ཞིང་འབྲོག་མང་ཚོགས་ལ་བདེ་སྡོད་ལས་བརྩོན་དང་ཞི་མཐུན་བདེ་སྐྱིད་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད། མིག་སྔའི་བར་བོད་རིགས་ས་ཁུལ་དུ་ཁྱོན་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་པ1148དང་གྲོང་ཚོ་རིམ་པའི་སྤྱི་པའི་ཞབས་ཞུའི་བྱེད་སྒོ་ལྟེ་གནས1189བསྐྲུན་ཡོད།
        སི་ཁྲོན་བོད་རིགས་ས་ཁུལ་གྱི་གྲོང་ཚོ་གསར་པའི་འཛུགས་སྐྲུན་ཁྲོད་གཅིག་སྡུད་དང་འཚམ་ན་གཅིག་སྡུད་དང་། ཁ་འགྲེམས་དང་འཚམ་ན་ཁ་འགྲེམས། འཛུགས་སྐྲུན་འཚམ་སར་འཛུགས་སྐྲུན། སྒྱུར་བཀོད་དང་འཚམ་སར་སྒྱུར་བཀོད། སྲུང་སྐྱོང་བྱེད་དགོས་རིགས་སྲུང་སྐྱོང་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཤིང་། གྲོང་ཚོའི་གདོད་མའི་རྣམ་པ་མ་ཉམས་པ་བྱ་ཆེད། ཤིང་གཅོད་རྒྱུར་ཡིད་གཟབ་དང་། རི་མི་སྔོག་པ། མཚེའུ་མི་རྒྱངས་པ། སྡོད་ཁང་ཉུང་ཙམ་བཤིག་པ་བཅས་བྱས་ནས་ལོ་བརྒྱ་ཡི་ལོ་རྒྱུས་ལྡན་པའི་སྡོད་ཁང་ཐད་སྡོད་ཁང་གཅིག་ལ་བྱ་ཐབས་གཅིག་ལག་བསྟར་བྱེད་པ་དང་སྲུང་སྐྱོང་གི་བྱ་ཐབས་བཟོས་ཡོད། གནའ་ཤིང་དང་རྩ་ཆེན་ཤིང་སྣ་ཐོ་བཀོད་ལག་དེབ་བཟོས་པ་དང་སྲུང་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཡོད། རྔ་པ་རྫོང་སྤྲོ་ཚོགས་ཤང་བསེ་སྐོར་གྲོང་ཚོ་བསེ་སྐོར་ཚོགས་ཆུང་གི་གྲོང་མི་བློ་ཆོས་ཁྱིམ་གྱི་གྱང་ཐོག་ཏུ་བཀྲ་ཤིས་རྟགས་བརྒྱད་བྲིས་འདུག་ལ་ཐང་ག་ཞིག་ཀྱང་བཀལ་པ་དེ་ཐོག་ནས་བོད་ལུགས་ཀྱི་ཁྱད་ཆོས་མངོན་པ་མ་ཟད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་གྱི་རྣམ་པའང་མཐོང་ཐུབ་ཀྱི་འདུག
        མཛེས་སྡུག་ལྡན་པའི་ཁང་པ་གསར་པ་དང་ཐོན་ལས་དང་མཉམ་འདྲེས་བྱ་རྒྱུ་དེ་ནི་སི་ཁྲོན་བོད་རིགས་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་པ་འཛུགས་སྐྲུན་གྱི་ཁྱད་ཆོས་གཞན་ཞིག་རེད། དར་རྩེ་མདོ་གྲོང་ཁྱེར་ཝ་ཁྲལ་ཤང་རྫོང་ཞབས་གྲོང་ཚོ་ནི་དེ་སྔ་དཔལ་འབྱོར་དབུལ་བའི་ཐག་རིང་གི་རི་གྲོང་ཞིག་རེད། 2014ལོ་ནས་བཟུང་ཁྱོན་མ་དངུལ་སྒོར་ཁྲི2300ལྷག་ཙམ་བཏང་ནས་ས་ཁོངས་ཀྱི་རིག་གནས་དང་། མི་རིགས་ཀྱི་རིག་གནས། དམངས་སྲོལ་རིག་གནས་བཅས་སྔོག་འདོན་གང་ལེགས་བྱས་པར་བརྟེན་བོད་རིགས་ས་ཁུལ་གྱི་གནས་སྡོད་གསར་པའི་རིག་གནས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་པར་རྒྱག་དང་། ཉམས་ལེན། བལྟ་སྐོར། སྤྲོ་གསེང་བཅས་གཞི་གཅིག་ཅན་གྱི་ས་མཐོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲོང་ཚོ་གསར་པ་ཞིག་བསྐྲུན་ཡོད། ད་ཆ་རྫོང་ཞབས་གྲོང་ཚོའི་ཁྱོན་དུད་ཚང80ཡིས་ཁྱིམ་ཚང་འགྲུལ་ཁང་བཙུགས་ཡོད་པ་དང་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་ཁྲི་20ཙམ་རག་གི་ཡོད།
        རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ལིས་རྫོང་ཞུའེ་ཁྲེང་གྲོང་རྡལ་ཧྲ་ཅིན་གྲོང་ཚོའི་རི་འདབས་སུ་སྲེའུ་སྡོང་སོགས་འབྲས་ཤིང་གིས་བརྒྱན་པའི་ཁྲོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་མིའི་སྡོད་ཁང་ནམ་མཁའི་སྐར་ཚོགས་ལྟར་འདུག འབྲས་ཤིང་ཁྲོད་ལས་ཀ་བྱེད་བཞིན་པའི་གྲོང་མི་ཆིའུ་ཧྲུའུ་མིང་གིས་གདེང་ཚོད་ཀྱིས་ཁེངས་བཞིན་དུ“ངས་འགྲུལ་ཁང་དང་ཁྱད་ལྡན་ཤིང་འབྲས་དག་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་གཉེར་རྒྱུ་ཡིན”ཞེས་བརྗོད་བྱུང་། རྔ་པ་ཀྲོའུ་ཡིས་བོད་རིགས་དང་ཆའང་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་དང་ཟིལ་རླབས་དགུང་འཕྱུར་གྱི་གསར་བརྗེའི་རིག་གནས། སྣ་མང་ཕུན་སུམ་ཚོགས་པའི་སྣོད་བཅུད་རིག་གནས། ཆོས་ལུགས་རིག་གནས་སོགས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གཞུང་ལམ་རྒྱུད་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ཡོད།
        “འབྲོག་པའི་སྤྲོ་སྐྱིད་ཁང”དང“ཞིང་པའི་སྤྲོ་སྐྱིད་ཁང”གཅིག་མཇུག་གཉིས་མཐུད་ངང་བསྐྲུན་པ་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐོན་ལས་གལ་ཆེན་ཏུ་གྱུར་ཡོད། ན་ནིང་རྔ་པ་ཁུལ་གྱི་གྲོང་གསེབ་ཀྱི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར10702ཟིན་པ་དེ་ན་ནིང་ལས་སྒོར991གིས་འཕར་བ་དང10.2%འཕར་ཡོད་པ་རེད། །༼མི་དམངས་ཉིན་རེའི་ཚགས་པར་ལས་དྲངས།༽

  • ལེ་ཚན་སྔོན་མ།:ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཡིག་ཆས་རྣམ་བཞི།
  • ལེ་ཚན་རྗེས་མ།:སི་ཁྲོན་ཡུལ་སྐོར་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་པར་འགྲེམ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།